འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་ནས་བོད་མིའི་དཀའ་ངལ་ལ་བསམ་ཤེས།
2020.01.04

དེ་ཡང་ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་རྡོ་རྗེ་ཚེ་རིང་ལགས་ཀྱིས་འབྲས་ལྗོངས་ཀྱི་ལོ་གསར་ཉིན་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ P S Golay མཆོག་མཇལ་འཕྲད་ཞུས་ནས་ས་གནས་བོད་མི་སྐྱབས་བཅོལ་བ་ཚོར་ཆུ་དང་གློག དེ་བཞིན་གཞུང་ལམ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་པར་མངའ་སྡེའི་གཞུང་ནས་གང་མགྱོགས་མཐུན་འགྱུར་རོགས་རམ་གནང་དགོས་པའི་འབོད་སྐུལ་ཞུས་པར་བློན་ཆེན་མཆོག་ནས་དེ་ལྟར་རོགས་རམ་གནང་རྒྱུའི་ཞལ་བཞེས་བཟང་པོ་གནང་ཡོད་ལུགས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་གནས་ཚུལ་སྤེལ་འདུག
ར་ཝང་ལ་ཞེས་པའི་ས་གནས་སུ་དགོན་པ་ཞིག་གི་ནང་ལོ་གསར་གྱི་མཛད་སྒོ་ཞིག་ཚོགས་སྐབས་ ས་གནས་འགོ་འཛིན་རྡོ་རྗེ་ཚེ་རིང་ལགས་ཀྱིས་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ P S Golay མཆོག་མཇལ་ནས་དེ་སྔ་བློན་ཆེན་མཆོག་བཞུགས་སྒར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་པའི་སྐུ་པར་གྱི་པར་སྒྲོམ་ཞིག་ཕུལ་བར་སྤྱི་ཁྱབ་བློན་ཆེན་ P S Golay མཆོག་ཧ་ཅང་ཐུགས་མཉེས་པོ་བྱུང་བཞག
སྐབས་དེར་ས་གནས་འགོ་འཛིན་རྡོ་རྗེ་ཚེ་རིང་ལགས་ནས་བློན་ཆེན་མཆོག་ལ་ར་ཝང་ལ་ས་གནས་བོད་མི་སྐྱབས་བཅོལ་བ་ཚོར་དཀའ་ངལ་གང་དང་གང་འཕྲད་ཀྱི་ཡོད་མེད་སྙན་སེང་ཞུས་པས་མ་ཟད། དཀའ་ངལ་དེ་དག་སེལ་རྒྱུའི་ལས་འཆར་ཁག་ཀྱང་བློན་ཆེན་མཆོག་ལ་ཕུལ་བར་ བློན་ཆེན་མཆོག་ནས་ལས་འཆར་ལ་ཐུགས་ཞིབ་ཀྱིས་བོད་མིའི་དཀའ་སེལ་སླད་རོགས་རམ་གང་ཐུབ་གནང་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་ཡོད་འདུག འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ P S Golay མཆོག་ཉེ་འཆར་༢༠༡༩ལོའི་ཕྱི་ཟླ་ ༡༡ ཚེས་ ༦ ཉིན་བཞུགས་སྒར་དུ་ཕེབས་སྐབས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་གསོལ་སྟོན་བཤམས་པ་དང་། དེ་བཞིན་ཁོང་རྡ་རམ་ས་ལར་བཞུགས་རྒྱུན་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་ཡོད་པ་རེད།