སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་འཛུལ་ཞུགས་བྱེད་པར་ཁ་བྲལ་བར་ངོ་རྒོལ་བྱེད་མཁན་ཡིན་དགོས་འདུག

2023.03.23
སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་འཛུལ་ཞུགས་བྱེད་པར་ཁ་བྲལ་བར་ངོ་རྒོལ་བྱེད་མཁན་ཡིན་དགོས་འདུག སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་པར་རིས།
སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་དྲ་བ།

ཕྱི་ཟླ་༣ཚེས་༢༣ཉིན་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་དུ་ཡོད་པ། སི་ཁྲོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་ཞེས་པའི་སློབ་མ་གསར་ཞུགས་ཀྱི་གསལ་བསྒྲགས་ཟེར་བ་ཞིག་སྤེལ་བའི་ནང་། འཛུལ་ཞུགས་བྱེད་མཁན་ཚོས་རྒྱ་ནག་གུང་ཁྲན་ཏང་ལ་བརྩི་བཀུར་དང་། རྒྱལ་ཁབ་ཁ་བྲལ་ལ་ངོ་རྒོལ་བྱེད་དགོས་པའི་ཆ་རྐྱེན་བཏོན་ཡོད་པ་དང་། སི་པན་དུ་གནས་སྡོད་བོད་རྒྱའི་གནད་དོན་དབྱེ་ཞིབ་པ་སངས་རྒྱས་སྐྱབས་ལགས་ནས། ཁ་བྲལ་ལ་ངོ་རྒོལ་ཞེས་ག་འདྲ་བཤད་ཀྱང་དོན་དངོས་སུ་༧གོང་ས་མཆོག་ལ་ངོ་རྒོལ་བྱ་དགོས་པར་སྐུལ་བཞིན་ཡོད་པས། གྲྭ་བཙུན་ཚོས་ཁྲིམས་མེད་ལུགས་མེད་ཀྱི་གུང་ཁྲན་ཏང་གི་ཁ་ལ་ཉན་དགོས་ཟེར་བ་དེ་ནང་པ་སངས་རྒྱས་པའི་ཆོས་དང་ལས་རྒྱུ་འབྲས་དང་འགལ་བསྡད་པ་ཞིག་ཡིན་སྐོར་བརྗོད་བྱུང་།

སི་ཁྲོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་གསལ་བསྒྲགས་ནང་། སློབ་གྲྭ་དེར་རྒྱུགས་ཞུགས་མཁན་ཚོའི་ན་ཚོད་ལོ༡༨ནས༤༥བར་ཡིན་དགོས་པ་དང་། འཛུལ་ཞུགས་བྱེད་པར་ཁྲིམས་འགལ་གྱི་ལས་ཀ་རིགས་བྱས་མེད་པའི་ས་གནས་རྫོང་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ནས་བརྒྱུད་ནས་ཐོ་འགོད་གཏན་ཁེལ་བྱས་པ་ཚད་གཞིར་འཛིན་རྒྱུ་དང་། ཆབ་སྲིད་ཀྱི་ཐད་ནས་རྒྱ་ནག་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་དགའ་ཞེན་དགོས་པའི་ཆ་རྐྱེན་བཏོན་ཡོད་པ་དང་། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། རྒྱ་ནག་གཞུང་གིས་དེང་སྐབས་མཐོ་རིམ་སློབ་གྲྭ་ཙམ་མ་ཡིན་པར་དམའ་འབྲིང་སློབ་གྲྭར་འཛུལ་ཞུགས་བྱེད་པར་ཆ་རྐྱེན་དེ་དག་འདོན་བཞིན་ཡོད་པ་དང་། གནད་དོན་དེ་ནི་བོད་མི་ཚང་མ་དམར་ཤོག་ཚོགས་པའི་ཀླད་པ་དང་གཅིག་གྱུར་བཟོ་ཐབས་ཀྱི་ངན་བྱུས་ཤིག་ཡིན་སྐོར་བརྗོད་བྱུང་།

སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་ནི་ཕྱི་ལོ༡༩༨༤ལོར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་ཟེར་བས། དཀར་མཛེས་ཁུལ་དུ་ཆེད་འཛུགས་གནང་ཞིང་། ངོ་སྤྲོད་ནང་ད་ལྟའི་ཆར་ལོ་ངོ་༣༨འགྲོ་བཞིན་ཡོད་པ་དང་སློབ་གྲྭ་དེ་གཙོ་བོ་བོད་བརྒྱུད་ནང་བསྟན་གྱི་རབ་བྱུང་བའི་སྡེ་གསོ་སྐྱོང་ཆེད་ཡིན་སྐོར་བརྗོད་ཡོད་པ་དང་། ཡང་སངས་རྒྱས་སྐྱབས་ལགས་ནས་མུ་མཐུད་སི་ཁྲོན་ནང་བསྟན་སློབ་གླིང་ཟེར་བ་དེ་བོད་ཀྱི་ཆོས་དང་རིག་གཞུང་སློབ་གཉེར་ཆེད་ཡིན་སྐོར་བརྗོད་བཞིན་ཡོད་ཀྱང་། དོན་དངོས་སུ་གུང་ཁྲན་ཏང་གི་ལག་ཆ་ཁོ་ན་ཞིག་ཏུ་སྤྱོད་བཞིན་ཡོད་པས། འགྲོ་བ་མིའི་ཐོབ་ཐང་ངོས་ནས་གནད་དོན་དེ་རིགས་ཤེས་ཡོན་གྱི་ཐོབ་ཐང་དང་བསམ་བློའི་རང་དབང་སོགས་དང་འགལ་ཡོད་པ་བརྗོད་བྱུང་།

སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་དེ་བཞིན་ཕྱི་ལོ་༢༠༡༧ལོར་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་དུ་གནས་སྤོར་བྱས་ཡོད་པ་དང་། ད་ལྟའི་ཆར་སློབ་གླིང་དེར་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གི་དགེ་རྒན་བརྒྱད་དང་། རིག་གནས་དགེ་རྒན་བཅུ་དྲུག་བཅས་ཡོད་འདུག་ལ། སློབ་ཚན་གཙོ་བོ་ནང་བསྟན་གཞུང་ལུགས་ཀྱི་སློབ་ཚན་ཁག་ཅིག་དང་། རྒྱ་ནག་གཞུང་འབྲེལ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་རྨང་གཞིའི་ཤེས་བྱ་དང་། རྒྱ་ནག་གི་ཆོས་ལུགས་ལས་དོན་སྲོལ་ཡིག་ཟེར་བ་དང་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་སྤྱི་བཤད། རྒྱ་ནག་གི་ཉེ་རབས་ལོ་རྒྱུས་དང་དེང་རབས་ལོ་རྒྱུས་བཅས་སོགས་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎