ཞོགས་ལྗང་ལ་བློ་འཚབ་ཀྱི་རྣམ་པ་མཚོན་པའི་རྩོམ་ཡིག་སྤེལ་བཞིན་པ།


2015.04.08
བོད་ཀྱི་ན་གཞོན་རྩོམ་པ་པོ་ཞོགས་ལྗང བོད་ཀྱི་ན་གཞོན་རྩོམ་པ་པོ་ཞོགས་ལྗང་།
བོད་འབྱོར།

བོད་ནང་གི་རྩོམ་པ་པོ་མང་པོས་ན་གཞོན་རྩོམ་པ་པོ་ཞོགས་ལྗང་ལ་བློ་འཚབ་ཀྱི་རྣམ་པ་མཚོན་པའི་རྩོམ་ཡིག་མང་བོ་སྤེལ་བཞིན་ཡོད་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་འབྱོར་དོན་ལྟར་ན། ལོ་འདིའི་སྤྱི་ཟླ་༣་པའི་ཚེས་༡༩ཉིན་རྒྱ་ནག་གི་འབྲེལ་ཡོད་ལས་ཁུང་གིས་བོད་ཀྱི་ན་གཞོན་རྩོམ་པ་པོ་ཞོགས་ལྗང་ལགས་བསྐྱར་དུ་འཇུ་བཟུང་བཙན་ཁྲིད་བྱས་ཡོད་ཅིང་། ད་ལྟར་ཁོང་གི་གནས་སྟངས་ཅི་འདྲ་ཞིག་ཡིན་མིན་སོགས་ཀྱི་གནས་ཚུལ་ལ་གསལ་ཆ་མེད་པར་བརྟེན། བོད་ནང་གི་རྩོམ་པ་པོ་དང་གཞོན་སྐྱེས་ཤེས་ཡོན་ཅན་མང་པོ་ཞིག་གིས་ཁོང་ལ་སེམས་ཁུར་གྱི་རྩོམ་ཡིག་འདྲ་མིན་ཞིག་བརྒྱུད་ལམ་ཁག་ཏུ་ཐོན་བཞིན་ཡོད་པ་སྟེ། རྩོམ་པ་པོ་ཞིག་གིས་འདི་ལྟར་བྲིས་ཡོད། སྲིད་གཞུང་གང་ཞིག་གི་ལམ་ལུགས་ལ་གཡོ་ཇུས་ཀྱི་ལྷད་ཞུགས་པའི་ལྕགས་སྒྲོག་དེ། རང་དབང་ལ་དགའ་བའི་མི་བུ་དག་ཁོ་ནའི་སྐེར་བསྐོན་རྒྱུ་ཞིག་ཡིན་པའང་སྔ་མོ་ནས་རྟོགས་ཡོད། གང་ལྟར་དེ་རིང་ཁྱེད་ཀྱི་ཡ་ང་བའི་གནས་ཚུལ་དེ་ཐོས་རྗེས། ཁོ་བོའི་སེམས་རྩ་འཁྱག་གིས་བསྡམས་པ་དེ་ཡང་། དོན་དམ་པར་ཁྱེད་རང་སྟེ། རང་དབང་གཙང་མའི་འབོད་སྒྲ་སྒྲོག་མཁན་གྱི་སྤྱིར་བཏང་གི་འགྲུལ་བཞུད་པ་ཞིག་ཉེས་འགེལ་ཐེབས་འདུག་སྙམ་ན། སེམས་པ་རབ་ཏུ་གྲང་བས་ལོས་ཡིན་ཞེས་དང༌།
ཡང་བོད་ནང་གི་རྩོམ་པ་པོ་ཞིག་གིས། གང་ལྟར་གནས་དེ་ན་ཁྱེད་ཀྱིས་ཟ་འཐུང་འགོག་པ་དང་། གཉིད་གཅོག་བྱེད་པ། མི་གཞི་ལ་དམའ་འབེབ་བྱེད་པ་སོགས་ཀྱི་དཀའ་ལས་གང་མང་ཞིག་མྱོང་གིན་ཡོད་པ་ཁོ་བོས་གསལ་བོར་རྟོགས། ཡིན་ན་ཡང་ངས་ནི་ཁྱེད་ཉིད་སྔར་བཞིན་རང་ཉིད་ཀྱི་རླབས་ཆེ་བའི་ཤ་རུས་ཀྱི་མཁྲེགས་གཤིས་ལ་བསྙེས་ཤིང་། དམངས་གཙོའི་བཅའ་ཁྲིམས་ཀྱི་རྒྱུན་ཤེས་ལ་བརྟེན་ནས་རང་སྲུང་གི་དཔའ་སྤོབས་ཡ་མེད་པ་ཞིག་གི་བདེན་པ་ཨུ་ཚུགས་ཀྱིས་སྐྱོང་གིན་པར་ཁོ་བོ་ཡིད་ཆས་ཡོད་ཅེས་འཁོད་ཡོད།
གཞན་ཡང་རྩོམ་པ་པོ་གཞན་ཞིག་གིས། བོད་ཀྱི་རྩོམ་སྟེགས་སུ་འཁང་ར་དང་མཉམ་དུ་རྩོམ་པ་པོ་ངོ་མ་དག་གི་དཔའ་སྤོབས་ལ་ཚད་མཐོ་བའི་བརྩི་འཇོག་ཡོད་པ་སྟེ། བོད་ཀྱི་མཚན་མོའི་མུན་ནག་གི་ཁྲོད་ན་དོན་ངོ་མའི་སྨྱུ་གུ་ཐོགས་མཁན་ནི་ཤིན་ཏུ་ཉུང་། དོན་ངོ་མའི་སྨྱུ་གུ་ཐོགས་མཁན་ལ་སྐྱོ་གདུང་གི་འཚོ་བ་དང་མནར་གཅོད་ཡོད་ངེས། དོན་ངོ་མའི་སྨྱུ་གུ་ཐོགས་མཁན་གྱི་བོད་མི་རེ་རེ་ནི་ད་གཟོད་བོད་ཀྱི་རྩོམ་པ་པོ་ཡིན། དེ་དག་ནི་ང་ཚོའི་སྙིང་ཁོང་རུས་པའི་གཏིང་གི་གུས་པར་འོས་པའི་དཔལ་འབར་རེ་རེ་ཡིན་ཞེས་འཁོད་ཡོད་ཅིང་།
བོད་ནང་གི་རྩོམ་པ་པོ་གཞན་ཞིག་གིས་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་རྩོམ་པ་པོ་ཞོགས་ལྗང་ལགས་རྩད་གཅོད་ཀྱི་ཡི་གེ་བྲིས་པའི་ཐོག་ནས་མི་འདོད་པའི་སེམས་ཚོར་ཕྱིར་འདོན་བྱས་ཡོད་པ་སྟེ། རྩར་ཡིག ཉིན་ཉི་ཤུའི་སྔོན་དུ་ངའི་སྤུན་ཟླ་གློ་བུར་དུ་བོར་སོང་། མིང་དངོས་ལ་འབྲུག་ལོ་དང་པུར་མིང་ལ་ཞོགས་ལྗང་ཟེར། ཕ་ཡུལ་རྒན་གྱ་ནས་ཡིན། དབང་བོ་ཚང་། ཡི་གེ་ཤེས། རྣམ་དཔྱོད་དང་སྙིང་སྟོབས་ཡོད། གཞན་གྱི་ལས་དབང་ལ་སེམས་ཁུར་བྱེད་ཤེས། མགོ་ན་སྐྲ་ཡོད། ལག་ན་སྨྱུ་གུ་ཡོད། སུ་ཞིག་མི་འདི་དང་འཕྲད་ན་མི་འདི་ལ་སེམས་ཁུར་དང་དོ་སྣང་བྱེད་རྒྱུ་མི་བརྗེད་པ་གལ་ཆེ་ཞེས་སོགས། བོད་ནང་གི་རྩོམ་པ་པོ་དག་གིས་སྙིང་སྟོབས་ཆེན་པོས་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་འཛིན་བཟུང་བྱས་པའི་རྩོམ་པ་པོ་ཞོགས་ལྗང་ལགས་ལ་བློ་འཚབ་གནང་བཞིན་ཡོད་འདུག

གསར་འགོད་པ་ཀེ་ཐོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎