བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་ནང་གི་ཆབ་སྲིད་བཙོན་པ་ལྔ་གློད་གྲོལ་གཏོང་དགོས་པའི་ཞུ་གཏུགས་མཚན་རྟགས་བསྡུ་རུབ་ཀྱི་ལས་གཞི་སྤེལ་བཞིན་འདུག
དེ་རིང་ཕྱི་ཚེས་ ༡༠ རྒྱལ་སྤྱིའི་འགྲོ་བ་མིའི་་ཐོབ་ཐང་ཉིན་མོ་དང་བསྟུན་རྡ་སའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡན་ལག་ལས་ཁུངས་ཀྱིས་བོད་ནང་གི་ཆབ་སྲིད་བཙོན་པ་ལྔ་རྒྱ་ནག་གཞུང་གི་བཙོན་ཁང་ནས་འཕྲལ་དུ་གློད་གྲོལ་དགོས་རྒྱུར་རྒྱབ་སྐྱོར་གྱི་ས་ཡིག་བསྡུ་རུབ་བྱེད་བཞིན་འདུག་ལ། དེ་བཞིན་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གིས་བོད་ནང་གི་བོད་མི་ཚོར་སྨྲ་བརྗོད་ལ་སོགས་པ་འགྲོ་བ་མིའི་ཐོབ་ཐང་དགོས་པ་དང་། རྒྱ་ནག་གཞུང་གིས་ཁོང་ཚོའི་གཞི་རྩའི་རང་དབང་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་དགོས་རྒྱུའི་ལས་འགུལ་ཁག་ཅིག་སྤེལ་སོང་།

བོད་རང་བཙན་ཆེད་སློབ་ཕྲུག་ཚོགས་པས་ཆབ་སྲིད་ཀྱི་བཙོན་པ་གློད་གྲོལ་དགོས་རྒྱུའི་མིང་རྟགས་བསྡུ་རུབ་ཀྱི་ལས་གཞི་འདིའི་བརྗོད་བྱར་ རང་དབང་གི་ཆེད་དུ་ཡི་གེ་ཞིག་འབྲིའམ་ (Write for Right) ཞེས་འབོད་ཀྱི་འདུག བཙོན་ནས་གློད་གྲོལ་དགོས་རྒྱུར་ཆབ་སྲིད་བཙོན་པ་ལྔའི་མིང་ཐེར་འདོན་བྱས་འདུག་པ་དེ་དག་ནི། སྒོ་ཤེས་རབ་རྒྱ་མཚོ་ལགས་དང་། ལྷུན་གྲུབ་ཐར་པ་ལགས། ཨ་ཉྭང་སེང་སྒྲ་ལགས། བྱམས་པ་ཆོས་འཕེལ་ལགས་དང་རྡོ་རྗེ་བཀྲིས་ལགས་བཅས་རེད་འདུག བོད་རང་བཙན་སློབ་ཕྲུག་ཚོགས་པས་བསྡུ་རུབ་བྱེད་བཞིན་པའི་རྒྱབ་སྐྱོར་གྱི་མིང་རྟགས་དེ་དག་ལྡི་ལིའི་རྒྱ་ནག་གི་གཞུང་ཚབ་ཁང་དུ་གཏོང་རྒྱུ་ཡིན་པ་ཚོགས་གཙོ་པ་སངས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཕྱི་ཚེས་ ༡༠ འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རྭའི་ནང་ནིའུ་ཛེ་ལེནཌ་དང་ཨའོསི་ཊརེ་ལི་ཡ། ཧྥི་ཇི་སོགས་ཀྱི་ཡུལ་གྲུའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་ཆེད་ཕེབས་ཐོག་གཞུང་འབྲེལ་གྱི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་། ཕྱི་ལོ་ ༡༩༨༩ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་བྱ་དགའ་འབུལ་བཞེས་མཛད་ནས་ལོ་ངོ་ ༣༥ འཁོར་བའི་གཞུང་འབྲེལ་གྱི་མཛད་སྒོ་དེ་གནང་ཡོད་པ་རེད།
བཞུགས་སྒར་ཁུལ་དུ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཐོུང་གིས་གོ་སྒྲིག་འོག་སྔ་དྲོ་རྒྱང་རྒྱུག་གི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་ཅིང་། དེ་ནི་གཙོ་བོ་བོད་ནང་འགྲོ་བ་མིའི་ཐོབ་ཐང་གིས་ཕོངས་པའི་བོད་མིའི་གནས་སྟངས་དྲིལ་བསྒྲགས་དང་གོ་རྟོགས་སྤེལ་ཆེད་དང་། བོད་ནང་གི་བོད་མིའི་གནས་སྟངས་ཡར་རྒྱས་འབྱུང་ཆེད་ཀྱི་རྒྱལ་སྤྱིའི་འབོད་སྒྲར་རྒྱ་ནག་གཞུང་གི་བརྡ་ལན་འབྱུང་བ་སོགས་ཀྱི་ཆེད་ཡིན་པ་རྡ་སའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འབྲེལ་མཐུད་པ་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་བརྗོད་བྱུང་།
གསར་འགོད་པ། ཚེ་རིང་རྣམ་རྒྱལ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།