རྒྱ་ནག་གཞུང་གིས་ཕྱོགས་ཕན་ཚུན་གཉིས་ཀར་ཡིད་ཆེས་སླེབ་ཐུབ་པའི་ཁོར་ཡུག་བསྐྲུན་རྒྱུ་གལ་ཆེན་ཆགས་ཡོད་ཅེས། སྤྱི་འཐུས་ཚོགས་གཙོས་མཇུག་སྡོམ་གསུང་བཤད་དུ་གསལ་སྟོན་གནང་བ།

2024.03.29
རྒྱ་ནག་གཞུང་གིས་ཕྱོགས་ཕན་ཚུན་གཉིས་ཀར་ཡིད་ཆེས་སླེབ་ཐུབ་པའི་ཁོར་ཡུག་བསྐྲུན་རྒྱུ་གལ་ཆེན་ཆགས་ཡོད་ཅེས། སྤྱི་འཐུས་ཚོགས་གཙོས་མཇུག་སྡོམ་གསུང་བཤད་དུ་གསལ་སྟོན་གནང་བ། སྤྱི་འཐུས་ཚོགས་གཙོས་གྲོས་ཚོགས་ཚོགས་དུས་ ༧ པ་གྲོལ་བའི་གསལ་བསྒྲགས་སྐྱོང་སྐབས། ༢༠༢༤།༠༣།༢༩ ཉིན།
བོད་མིའི་སྒྲིག་འཛུགས།

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་དེ། ཕྱི་ཟླ་ ༣ པའི་ཚེས་ ༢༩ ཉིན་བཞུགས་སྒར་དུ་མཇུག་སྒྲིལ་གནང་ཡོད་ཅིང་། ཐེངས་འདིའི་གྲོས་ཚོགས་ཀྱི་ལས་རིམ་དུ་གཙོ་ཆེ་ཤོས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༤ དང་ ༢༠༢༥ ལོའི་སྔོན་རྩིས་སྒོར་ས་ཡ་ ༣༣༣༡ ལྷག་གཏན་འབེབས་ཞུས་ཐུབ་ཡོད་ཅིང་། དེའི་སྐོར་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་གྲོས་ཚོགས་མཇུག་སྡོམ་གྱི་གསུང་བཤད་དུ། ཕྱི་ལོ་༢༠༢༤ དང་ ༢༠༢༥ ལོའི་སྔོན་རྩིས་ལ་ཕྱོགས་ཡོངས་ནས་བཀའ་ཤག་ནང་ཞིབ་འཇུག་དང་རྒྱབ་གཉེར་གནང་། གྲོས་ཚོགས་ལ་ཚོད་དཔག་འཆར་རྩིས་ཚོགས་ཆུང་བཙུགས་ནས་ནང་སྲིད་ཀྱི་ཟུར་བཀོལ་དང་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་སྡེ་ཚན་གཅིག་ལ་ཆག་ཡངས་མ་གཏོགས། བཀའ་ཤག་གིས་ཐོག་མའི་རྒྱབ་གཉེར་གང་གནང་བ་དེར་གཏན་འབེབས་གནང་ཐུབ་པ་ཡོད་ཅེས་གསལ་སྟོན་གནང་གི་འདུག

TPiE-Seventh-Session-RFA-Tibetan.jpg
པར་དབང་། བོད་མིའི་སྒྲིག་འཛུགས།

ཡང་ཁོང་གིས་སྒྲིག་འཛུགས་འདི་མང་གཙོ་ཚད་ལྡན་གྱི་ཐོག་ནས་འགྲོ་བཞིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ང་ཚོ་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ཀྱང་བོད་མིའི་སྒྲིག་འཛུགས་འདི་མང་གཙོའི་སྒྲིག་འཛུགས་ཤིག་ལ་ངོས་འཛིན་གྱིས་འགྲོ་བསྡད་ཡོད་པས། རྒྱ་ནག་གཞུང་གིས་ཕྱོགས་ཕན་ཚུན་གཉིས་ཀར་ཡིད་ཆེས་སླེབ་ཐུབ་པའི་ཁོར་ཡུག་བསྐྲུན་རྒྱུ་གལ་ཆེན་ཆགས་ཡོད་ཅེས་གསལ་སྟོན་གནང་སོང་། 

ཡང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་གྲོས་ཚོགས་ལས་རིམ་འདིར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་མཚོན། སྒྲིག་གཞི་ཁག་བདུན་ཙམ་ལ་གྲོས་ཚོགས་སུ་བསྐྱར་བཅོས་གཏན་འབེབས་ཐུབ་པ་དེས། བར་སྐབས་ཤིག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་འཕྲད་པའི་དཀའ་ངལ་མང་ཆེ་བ་སེལ་ཐུབ་པ་བྱུང་ཡོད་ཅེས་ཀྱང་གསུངས་སོང་། 

Parliament-Exile-RFA-Tibetan.jpg
པར་དབང་། བོད་མིའི་སྒྲིག་འཛུགས།

གྲོས་ཚོགས་ལས་རིམ་འདིར་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ནང་བཅའ་ཁྲིམས་དོན་ཚན་དང་པོའི་ཚིག་བརྗོད་རྙིང་པ་རང་འཇགས་ཀྱི་ཐོག ༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ནས་ཀྱང་རང་ཆས་སུ་ཡོད་པའི་སྐུ་དབང་རྣམས་བཞེས་སྐྱོང་མཛད་རྒྱུ་ཞེས་གསར་སྣོན་གཏན་འབེབས་གནང་ཡོད་པ་དང་། ཕྱོགས་མཚུངས་སྲིད་སྐྱོང་དང་བཀའ་བློན་རྣམ་པའི་ལས་འཁུར་དམ་བཅའ་ཕུལ་སྟངས་དང་། ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་ཀྱི་ལས་འཁུར་དམ་འབུལ་ཞུས་སྟངས་སོགས་བསྐྱར་བཅོས་གནང་ཐུབ་ཡོད་ནའང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་ཁྲིམས་འཆར་གཏན་ལ་ཕབ་མ་ཐུབ་པར་ཟགས་ཡོད་པ་དང་། ཡང་བཙན་བྱོལ་བོད་མིའི་དཔྱ་དངུལ་ལོ་མང་འབུལ་ཆད་སོང་བ་དང་། གསར་བཟོ་མ་ཐུབ་པ་རྣམས་ལ་བརྒྱ་ཆ་ ༩༠ ཆག་ཡངས་བཏང་ནས་ཕྱི་ལོ་ ༢༠༢༤ ཟླ་བ་ ༣ པའི་ཚེས་ ༣༡ ཉིན་ནས་མཇུག་བསྡུ་བཞིན་པ་དེ། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༩ བའི་བར་ཕར་འགྱང་བྱ་རྒྱུའི་སྤྱི་མོས་གཏན་འབེབས་གནང་ཡོད་པ་རེད།

གསར་འགོད་པ། བློ་བྷེ།  
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎