ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བར་མིང་རྟགས་བཀོད་བཅུག་པ་ནས་བཟུང་རྒྱ་ནག་གིས་བོད་ལ་མགོ་སྐོར་བཏང་ཡོད་ལུགས་དཔྱད་ཞིབ་བྱས་འདུག

དེ་ཡང་རྒྱ་གར་གྱི་(NEWS18)་ཞེས་པའི་གསར་འགྱུར་བརྒྱུད་ལམ་ནང་(Arun Anand)་ལགས་ཀྱིས། ཕྱི་ཟླ་༥བའི་ཚེས་༢༣ཉིན་ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བར་མིང་རྟགས་བཀོད་བཅུག་པའི་ཉིན་མོ་དང་བསྟུན། ཤོག་ལྷེ་བཞི་ཅན་གྱི་དཔྱད་རྩོམ་ཞིག་སྤེལ་ཡོད་པ་དེའི་ནང་། དེ་སྔ་ཕྱི་ལོ་༡༩༥༡ལོའི་ཕྱི་ཟླ་༥པའི་ཚེས་༢༣ཉིན་སྟེ། ལོ་ངོ་༧༣ གོང་རྒྱ་ནག་དང་བོད་ཀྱི་སྐུ་ཚབ་གཉིས་བར་ཆིངས་ཡིག་དོན་ཚན་བཅུ་བདུན་ཞེས་པ་ཞིག་བཞག་ཏེ་མིང་རྟགས་བཀོད་བཅུག་ཡོད་པ་རེད། དེའི་ནང་བོད་ཀྱི་ཕྱི་སྲིད་ཀྱི་ཐག་གཅོད་རྒྱ་ནག་ནས་བྱེད་རྒྱུ་ལས་བོད་ལ་རང་སྲིད་རང་སྐྱོང་གི་ཐོབ་ཐང་ཡོད་པ་དང་། ཆོས་ཕྱོགས་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་པན་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་དབང་དང་ཐོབ་ཐང་རང་གནས་སུ་ཡོད་པ། བདེ་འཇགས་སྲུང་སྐྱོབ་ཀྱི་གནད་དོན་རྒྱ་ནག་ནས་འགན་འཁུར་རྒྱུ་ལ་སོགས་བཀོད་ཡོད་པ་རེད་། ཆིངས་ཡིག་དོན་ཚན་བཅུ་བདུན་དེ་བཞག་པའི་སྐབས་བོད་པའི་སྐུ་ཚབ་ཀྱི་སྣེ་ཁྲིད་མཁན་ང་ཕོད་ངག་དབང་འཇིགས་མེད་ལགས་རེད། འོན་ཀྱང་ཆིངས་ཡིག་བཞག་པའི་སྐབས་སྐུ་ཚབ་ཚོ་ཕྱི་ཕྱོགས་སུ་འབྲེལ་བ་རྩ་བ་ནས་བྱེད་མ་བཅུག་པར་དམ་དྲག་འོག་བཞག་ནས་མིང་རྟགས་བཀོད་བཅུག་ཡོད་པ་དང་། རྒྱ་ནག་གིས་ད་ལྟ་འགྲེལ་བཤད་རྒྱག་བཞིན་པའི་བོད་འདི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཟེར་གྱི་ཡོད་ན། སྐབས་དེར་རྒྱ་ཧན་མི་རིགས་རྩ་བ་ནས་མེད་པའི་བོད་པའི་མི་རིགས་ཤ་སྟག་ཡིན་པའི་སྐུ་ཚབ་ཚོགས་པ་ཞིག་དང་མཉམ་ཆིངས་ཡིག་འཇོག་དགོས་དོན་ཡོད་མ་རེད་ལ་རྒྱ་ནག་གི་ཆ་ཤས་ཡིན་བཞིན་དུ་ཆིངས་ཡིག་འཇོག་དགོས་དོན་ཡང་མེད་པ་རེད། དོན་དངོས་ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བར་མིང་རྟགས་བཀོད་བཅུག་པ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ལ་མགོ་སྐོར་བཏང་ཡོད་ལུགས་དཔྱད་ཞིབ་བྱས་འདུག
ད་དུང་དཔྱད་རྩོམ་ནང་། ཆིངས་ཡིག་དོན་ཚན་༡༧བཞག་པ་དེར་རྒྱ་ནག་གཞུང་གིས་ཆ་འཇོག་ཙམ་ལས་དངོས་སུ་ལག་ལེན་འཁེལ་གྱི་མེད་པ་དང་། རྒྱ་ནག་གཞུང་གིས་རིམ་པས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་མ་ཟད། ས་ཆའི་བདག་དབང་གི་ལས་དོན་འགོ་བཙུགས་པ་དང་། དེའི་ཐོག་བོད་གཞུང་གི་འབྲེལ་ཡོད་ཚོས་ཤེས་རྟོགས་གང་ཡང་མེད་པར་རང་འཚམས་ཀྱིས་ལས་གཞི་འགོ་བཙུགས་པ་དང་། དེ་ནས་བོད་པའི་ཆོས་དང་རིག་གཞུང་། མི་རིགས་སོགས་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་འགོ་བཙུགས་པར་བརྟེན་བོད་མི་ཚོས་གདོང་ལེན་གྱི་ཚུལ་དུ་ངོ་རྒོལ་གྱི་ལས་འགུལ་དང་གདོང་ཐུག་འཐབ་རྩོད་བརྒྱ་སྐོར་ཞིག་བྱས་པ་དེ་དག་ལ་དྲག་གནོན་བྱས་པ་དང་། མཐའ་མ་ཕྱི་ལོ་༡༩༥༩ལོར་བོད་མིའི་སྒེར་ལངས་བྱས་པ་སོགས་དུས་ད་ལྟའི་བར་བོད་ནང་བོད་མི་ཚོས་རྒྱ་ནག་གུང་ཁྲན་སྲིད་གཞུང་གི་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཕྱི་ལོ་༡༩༨༧དང་། ཕྱི་ལོ་༢༠༠༨ལོ་སོགས་ལ་ངོ་རྒོལ་ལས་འགུལ་མུ་མཐུད་དུ་སྤེལ་བ་དང་ད་ལྟའང་སྤེལ་མུས་ཡིན་པ་ནི་རྒྱ་ནག་གིས་བོད་དང་མཉམ་ཆིངས་ཡིག་དོན་ཚན་༡༧བཞག་པ་ནས་བཟུང་། ཁ་དན་ཚིག་ལ་མ་གནས་པར་མགོ་སྐོར་བསླུ་སྲིད་ཀྱི་སྲིད་བྱུས་འཛིན་བཞིན་ཡོད་པ་གསལ་པོ་རེད་ཅེས་དཔྱད་རྩོམ་སྤེལ་འདུག
ཕྱི་ཟླ་༥བའི་ཚེས་༢༣ཉིན་ནི་ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བར་མིང་རྟགས་བཀོད་བཅུག་པའི་ཉིན་མོ་ཡིན་པ་རེད། གོང་ཞུས་དཔྱད་རྩོམ་འབྲི་མཁན་ཁོང་ནི་དེབ་མང་དག་ཞིག་བྲིས་མྱོང་མཁན་རྩོམ་པ་པོ་ཞིག་ཡིན་འདུག

དེ་འབྲེལ་ཚེས་༢༣་ཉིན་ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བར་མིང་རྟགས་བཀོད་བཅུག་པའི་ཉིན་མོ་དང་བསྟུན། རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་པེ་ཅིང་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་བོད་ཀྱི་ཆེད་དོན་ཚོགས་འདུ་འཚོགས་ཡོད་པ་དང་། སྐབས་དེར་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་གཞོན་པ་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་ཡན་ཅིན་ཧའེ་(Yan Jinhai)་ཡིས། མི་ལོ་༧༣གོང་གི་དེ་རིང་ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་པ་ནས་ད་བར་བོད་ནང་དུས་རབས་གསར་པར་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པ་བྱུང་བ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གཏམ་བཤད་གནང་བ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་འདེབས་གནང་བ་སོགས་རྒྱ་ནག་གི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན། ཀླུ་འབུམ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།