འདི་ལོ་དགེ་བཤེས་མའི་རྒྱུགས་སྤྲོད་གནང་སྟེ་དགེ་བཤེས་མ་ ༧ དང་སྔགས་རམས་དགེ་བཤེས་མ་ ༡༠ ཐོན་ཡོད་པ།

བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་ཕེབས་པ་གཞིར་བཟུང་། རྒྱ་གར་དང་བལ་ཡུལ་ནང་གི་བཙུན་མའི་དགོན་སྡེ་ཁག་ནས་བཙུན་མ་རྣམས་ཀྱིས་གཞུང་ཆེན་བཀའ་པོད་ལྔར་ཐོས་བསམ་སློབ་གཉེར་གནང་སྟེ། སྤྱི་ལོ་ ༢༠༡༦ ལོ་ནས་བོད་རྒྱུད་ནང་བསྟན་གྱི་ལོ་རྒྱུས་ནང་ཆེས་ཐོག་མའི་དགེ་བཤེས་མ་རྣམས་ཐོན་ཐུབ་པར་བྱུང་བ་མ་ཟད། དགེ་བཤེས་མ་རྣམས་ཀྱིས་གསང་ཆེན་རྒྱུད་སྟོད་གྲྭ་ཚང་དུ་གསང་སྔགས་ཀྱི་གཞུང་ལའང་སློབ་གཉེར་དཔྱིས་ཕྱིན་པ་གནང་བའི་འབྲས་རྟགས་སུ། སྤྱི་ལོ་ ༢༠༡༩ ལོ་ནས་ལོ་རྒྱུས་ནང་གི་སྔགས་རམས་པ་དགེ་བཤེས་མ་ཐོག་མ་ཁག་ཐོན་ཡོད་པ་བཞིན། འདི་ལོར་ཡང་སྤྱི་ཟླ་ ༡ ཚེས་ ༣༠ ཉིན་སྔགས་རམས་པའི་དགེ་བཤེས་མ་ ༡༠ ཐོན་པར་མཛད་སྒོ་གནང་སྟེ་ཕྱག་ཁྱེར་སྩལ་ཡོད་པ་སོགས། བཙུན་མའི་ལས་འཆར་གྱི་འགན་འཛིན་སྣང་ས་ཆོས་སྒྲོན་ལགས་ནས་འགྲེལ་བརྗོད་གནང་གི་འདུག
ཡང་བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གིས་སྤྱི་ལོ་ ༢༠༢༣ ལོའི་སྤྱི་ཟླ་ ༥ ཚེས་ ༡༧ ཉིན། བཞུགས་སྒར་ར༸རྒྱལ་བའི་ཕོ་བྲང་དུ་གསང་སྔགས་ཀྱི་གཞུང་ཆེན་ལ་སློབ་གཉེར་གནང་བཞིན་པ། བཙུན་མའི་དགོན་པ་བྱང་ཆུབ་ཆོས་གླིང་དང་དགའ་ལྡན་ཆོས་གླིང་། སྒྲོལ་མ་གླིང་བཅས་ཀྱི་དགེ་བཤེས་མ་ ༡༥ དང་བཙུན་མའི་ལས་འཆར་འགན་འཛིན་སོགས་ལ་དམིགས་བསལ་མཇལ་ཁ་གནང་སྐབས། བཙུན་མ་ཚོས་གཞུང་ཆེན་ལ་སློབ་གཉེར་ཧུར་ཐག་གནང་དགོས་པ་དང་། སྤྱི་ཚོགས་ནང་ཕན་ཐོགས་རྒྱ་ཆེན་པོ་གནང་དགོས་པའི་སྐོར་ལམ་སྟོན་ཕེབས་ཡོད་པ་རེད།
གཞན་ཡང་བཙུན་མའི་ལས་འཆར་འགན་འཛིན་སྣང་ས་ཆོས་སྒྲོན་ལགས་ནས་སྔ་ལོ་སྤྱི་ཟླ་ ༡༡ པའི་ཚེས་ ༢༧ ཉིན་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ། བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གི་༸སྐུ་མདུན་དུ་དགེ་བཤེས་ ༧ ལ་ཕྱག་ཁྱེར་སྩལ་ཡོད་པ་དང་བཅས་བསྡོམས་ན། སྤྱི་ལོ་ ༢༠༡༦ ལོར་དགེ་བཤེས་མའི་རྒྱུགས་སྤྲོད་ཐོག་མར་གནང་ནས་ད་བར་དགེ་བཤེས་མ་མདོ་ཕྱོགས་ནས་ ༦༠ ཐོན་ཡོད་པ་དང་། སྔགས་རམས་ཀྱི་དགེ་བཤེས་མ་སྤྱི་ལོ་ ༢༠༡༨ ལོར་རྒྱུགས་སྤྲོད་ཀྱི་དབུ་འཛུགས་ཀྱིས་ཕྱག་ཁྱེར་ཕུལ་བ་ད་ལྟའི་བར་བསྡོམས་པ་ཡིན་ན། སྔགས་རམས་ཀྱི་དགེ་བཤེས་མ་ ༤༨ ཐོན་ཡོད་པ་སོགས་ཀྱིས། སོ་སོའི་བཙུན་མའི་དགོན་སྡེ་ཁག་དང་སྤྱི་ཚོགས་སྡེ་ཚན་ཁག་ནང་ཕྱག་ལས་འདྲ་མིན་གནང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
རི་བོ་དགེ་ལྡན་པའི་མདོ་སྔགས་ཀྱི་གཞུང་ཆེན་ལ་སློབ་གཉེར་གནང་སྟངས་ཀྱི་བརྒྱུད་རིམ་ལྟར། མདོ་སྔགས་གཉིས་ལ་སློབ་གཉེར་མཐར་སོན་གྱིས་ཐོན་པའི་དགེ་བཤེས་མ་རྣམས་ཀྱིས། གོ་སྐབས་དང་བསྟུན་རིགས་གཅིག་རྐང་འཛིན་ཐོག་ཉམས་ཞིབ་ཀྱི་སློབ་གཉེར་གནང་མཁན་ཁག་ཅིག་དང་། རྒྱ་གར་ནང་ཆོས་ཚོགས་དང་ཤེས་ཡོན་དང་འབྲེལ་བའི་ཚོགས་ཆེན་དུ་ཞུགས་མཁན་སོགས་མང་པོ་འབྱུང་གི་ཡོད་པ་མ་ཟད། མང་ཚོགས་ལ་ནང་ཆོས་ངོ་སྤྲོད་དང་ཤེས་ཡོན་སྡེ་ཁག་ཏུ་ལྟ་གྲུབ་སློབ་དཔོན་སོགས་གནང་མཁན་ཀྱང་མང་དུ་འབྱུང་གི་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།