༧གོང་ས་མཆོག་ལ་མཚན་སྨད་ཟུར་ཟ་བྱེད་མཁན་ཚོར་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ས་གནས་གཉིས་ཀྱིས་གདོང་ལེན་ནན་པོ་བྱ་རྒྱུའི་གྲོས་ཆོད་བཞག་འདུག

2023.11.10
༧གོང་ས་མཆོག་ལ་མཚན་སྨད་ཟུར་ཟ་བྱེད་མཁན་ཚོར་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ས་གནས་གཉིས་ཀྱིས་གདོང་ལེན་ནན་པོ་བྱ་རྒྱུའི་གྲོས་ཆོད་བཞག་འདུག གྲོས་ཆོད་དོན་ཚན་བཅུ་གཏན་འབེབས་ཐོག་ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅོ་ལྔ་པ་མཇུག་སྒྲིལ་སྐབས། ༡༡།༡༠།༢༠༢༣
CTA

ཟླ་བ་འདིའི་ཕྱི་ཚེས་༦་ནས་༡༠བར་ཉིན་གྲངས་ལྔའི་རིང་འཚོགས་པའི། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ཁྱབ་ཁོངས་རྒྱ་བལ་འབྲུག་གསུམ་གྱི་ས་གནས་ཁག་༤༥ཡི་ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོངས་ཚོགས་ཆེན་ཐེངས་༡༥པ་མཇུག་སྒྲིལ་ཡོད་པ་དང་། མཇུག་སྒྲིལ་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས། ས་གནས་འགོ་འཛིན་རྣམ་པ་མི་མང་གིས་བདམས་པ་དང་སྒྲིག་འཛུགས་ཀྱིས་བསྐོ་གཞག་གནང་བ་སོགས་གང་ཡིན་ལ་མ་བལྟོས་བར། གཙོ་བོ་༧གོང་ས་མཆོག་གི་དགོངས་གཞིའི་འོག་ཤར་བསྐྱོད་ཐུབ་མཁན་ཞིག་དང་མི་མང་ལ་ཞབས་འདེགས་ཞུ་ཐུབ་མཁན་ཞིག་ཡིན་དགོས་ལ། མི་མང་གི་དགོས་མཁོ་དང་སྤྱི་ཚོགས་ཀྱི་དགོས་མཁོ་ལ་གཞིགས་ཏེ་ས་གནས་སུ་སྤྱི་ཚོགས་འཆམ་མཐུན་དང་ཆིག་སྒྲིལ་བཟོ་ཐུབ་ཚེ་རྩ་དོན་ལ་ཕན་ངེས་ཡིན་པ་སོགས་གཏམ་བཤད་གནང་ཡོད་པ་རེད།
ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཚོགས་ཆེན་དེའི་ཐོག་གྲོས་གཞི་དོན་ཚན་མང་པོའི་ཐོག་གྲོས་བསྡུར་བགྲོ་གླེང་གནང་ཏེ་ཚོགས་ཆེན་གྱི་མཐའ་འཇུག་ཏུ་གྲོས་ཆོད་དོན་ཚན་ཁག་༡༠བཞག་ཡོད་པའི་ནང་། གཙོ་བོ་དེང་སྐབས་བོད་མིའི་སྤྱི་ཚོགས་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཟུར་ཟ་བྱེད་མཁན་རེ་ཟུང་ཡོང་གི་ཡོད་པ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ས་གནས་གཉིས་ནས་ཁ་གཏད་གདོང་ལེན་ནན་པོ་བྱ་རྒྱུ་དེ་ཡིན་པ་དང་། གཞན་གཞིས་ཆགས་བསྲ་བརྟན་དང་། ཞིང་ས་འདེབས་ལས། མི་མང་གི་བདེ་སྡུག་ལ་གཟིགས་སྐྱོང་གནང་རྒྱུ་སོགས་ས་གནས་གཞིས་ཆགས་ཀྱི་བདེ་དོན་དང་འབྲེལ་བའི་གྲོས་ཆོད་ཁག་ཡིན་པས། ད་ནི་ཚོགས་ཆེན་ཐོག་གཏན་འབེབས་གནང་བའི་གྲོས་ཆོད་ཁག་དངོས་སུ་ལག་བསྟར་གནང་རྒྱུ་གནད་འགག་ཆགས་ཡོད་པ་གསུངས་བྱུང་།

15th Settlement Officers Conference (2).jpg
སྒང་ཏོག་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་ཀྱིས། ད་ལན་ཚོགས་ཆེན་དེ་ཚགས་ཚུད་ཡག་པོ་བྱུང་བ་མ་ཟད། ལྷག་པར་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་སྲུང་སྐྱོབ་ཀྱི་ཐད་གྲོས་ཆོད་བཞག་པ་དེ་ནི་དམིགས་བསལ་ཞིག་རེད། ༧གོང་ས་མཆོག་གི་མཚན་གནས་སྲུང་སྐྱོབ་བྱ་རྒྱུ་དེ་ནི་གནད་འགག་ཆེན་པོ་ཡིན་དུས་བོད་མིའི་སྒྲིག་འཛུགས་ཙམ་མིན་པར་བོད་མི་སྤྱི་སྒེར་ཚང་མས་ནུས་པ་མཉམ་སྤུངས་དགོས་རྒྱུ་གནད་འགག་ཡིན་པ་གསུངས་བྱུང་།
བྷེང་ལོར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས། ཐེངས་འདིའི་ལྷན་ཚོགས་སྐབས་ས་གནས་འགོ་འཛིན་རྣམ་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་མཇལ་ཁ་དང་བཀའ་སློབ་ཞུ་རྒྱུའི་སྐལ་བཟང་གོ་སྐབས་ཐོབ་པ་གཞིར་བཟུང་གིས་ས་གནས་འགོ་འཛིན་རྣམ་པས་༧གོང་ས་མཆོག་གི་བཀའ་དགོངས་དང་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་ཁག་དང་མི་འགལ་བར་ལས་དོན་གཉེར་རྒྱུའི་ཆོད་སེམས་ཆེར་བསྐྱེད་བྱུང་བའི་ཚོར་སྣང་བྱུང་སྐོར་འགྲེལ་བརྗོད་གནང་བྱུང་།
བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ཁྱབ་ཁོངས་ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ཚགས་ཚུད་ཡོང་ཆེད། ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་དེ་བཞིན་ལོ་ངོ་ཉི་ཤུ་རྩ་གྲངས་གོང་ནས་ཚོགས་བཞིན་ཡོད་ཀྱང་། ཕྱི་ལོ་༢༠༠༢ལོར་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་ཡིས་དབུ་ཁྲིད་པའི་སྐབས་དེའི་བཀའ་ཤག་གི་སྐབས་ནས་ཚོགས་འདུའི་འགྲོ་ལུགས་འགྲོ་སྟངས་དང་མཐུན་པའི་སྒོ་ནས་གྲོས་གཞི་གྲོས་ཆོད་གཏན་འབེབས་གནང་བ་སོགས་ཀྱི་སྒོ་ནས་ལྷན་ཚོགས་དེ་ཚོགས་ཏེ་ད་ལོ་ལྷན་ཚོགས་ཐེངས༡༥་པ་དེ་ཡིན་པ་རེད།


གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎