ནགས་ཤོད་འབྲི་རུ་ཕྱོགས་ཀྱི་རྩོམ་པ་པོ་ཞོགས་དྲིལ་ལ་ཁྲིམས་ཆད།
2014.04.01

རྒྱ་ནག་གཞུང་གིས་ནགས་ཤོད་འབྲི་རུ་རྫོང་གི་རྩོམ་པ་པོ་ཞོཊ་དྲིལ་དང་ཁོང་གི་གྲོཊ་པོ་གཡུལ་རྒྱལ་གཉིས་ལ་ལོ་༡༠ནས་༡༣བར་གྱི་ཁྲིམས་ཐག་བཅད་འདུག
དེ་ཡང་འབྲེལ་ཡོད་བརྒྱུད་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། ༢༠༡༣་ལོའི་ཕྱི་ཟླ་བཅུ་པའི་ཚེས་༢༨ ཉིན་བོད་རང་སྐྱོང་ལྗོངས་མི་དམངས་ཁྲིམས་ཁང་ཟེར་བས་བོད་ནགས་ཤོད་འབྲི་རུ་རྫོང་གི་རྩོམ་པ་པོ་ཚུལ་ཁྲིམས་རྒྱལ་མཚན་ནམ་སྨྱུག་མིང་ལ་ཞོགས་དྲིལ་ཞུ་བར་ལོ་༡༣ དང་ཁོང་གི་གྲོགས་པོ་གཡུལ་རྒྱལ་ལགས་སུ་ལོ་༡༠ བཅས་ཀྱི་དུས་བཀག་བཙོན་འཇུག་ཉེས་ཆད་བཏང་ཡོད་པ་དང་། དེ་ནི་སྤྱི་ལོ་༢༠༡༣ ལོའི་ཕྱི་ཟླ་དགུ་པའི་ཚེས་༢༧ ཉིན་ནགས་ཤོད་འབྲི་རུ་རྫོང་མོ་བ་གྲོང་དང་། སྨོན་ཁྱིམ་གྲོང་གཙོ་བོ་བྱས་ཏེ་བོད་མི་ཚོས་རྒྱ་ནག་གི་རྒྱལ་དར་ཁང་པའི་སྟེང་བསྒྲེངས་བཙུགས་མ་བྱས་པར་རྒྱལ་མོ་རྔུལ་ཆུའི་ནང་གཡུག་པ་སོགས་ལ་བརྟེན་བོད་མི་མང་པོ་འཛིན་བཟུང་བྱས་བ་དང་། ཚེས་༢༨ཉིན་མི་དམངས་སྟོང་ཕྲག་ལྷག་རྫོང་མི་དམངས་སྲིད་གཞུང་གི་མདུན་མཚན་ཉལ་བྱས་ཏེ་བོད་མི་དེ་ཚོ་གློད་བཀྲོལ་གཏོང་དགོས་ཞེས་ངོ་རྒོལ་བྱས་པ་མ་ཟད། ཉིན་དེར་འབྲི་རུའི་སློབ་གྲྭ་ཁག་གི་སློབ་མ་ཚོས་ཀྱང་ངོ་རྒོལ་བྱས་ཏེ་ཉིན་གྲངས་འགའ་ཤས་རིང་སློབ་གྲྭ་ཚོགས་མི་ཐུབ་པ་གྱུར་ཡོད་པ་རེད། སྐབས་དེར་བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་འབྲི་རུ་ཁུལ་དུ་ཡོང་ནས་འབྲི་རུང་ས་གནས་སྲིད་གཞུང་མདུན་ངོ་རྒོལ་བྱེད་མཁན་བོད་མི་ཚོར་ངོ་རྒོལ་མཚམས་འཇོག་བྱེད་དགོས་པའི་གཏམ་བཤད་བྱེད་སྐབས་རྩོམ་པ་པོ་ན་གཞོན་ཚུལ་ཁྲིམས་རྒྱལ་མཚན་ལགས་དང་གཡུལ་རྒྱལ་ལགས་གཉིས་ཀྱིས་མདུན་དུ་ཐོན་ཏེ་བོད་མི་དམངས་ཀྱི་བདེ་སྡུག་གི་སྐད་ཆ་བཤད་ཡོད་པ་རེད། དེར་བརྟེན་༢༠༡༣ ལོའི་ཕྱི་ཟླ་བཅུ་པའི་ཚེས་༡༡ ཀྱི་མཚན་མོའི་ཚོུད་༡ ཙམ་ལ་ཉེན་རྟོག་པས་ཚུལ་ཁྲིམས་རྒྱལ་མཚན་ལགས་ཀྱི་རང་ཁྱིམ་ནས་འཛིན་བཟུང་བྱས་པའི་རྗེས་ཕྱི་ཉིན་སྔ་དྲོ་གཡུལ་རྒྱལ་ལགས་འཛིན་བཟུང་བྱས་པ་ནས་བཟུང་༢༠༡༤ ལོའི་ཟླ་བ་གསུམ་པའི་ཟླ་མཇུག་བར་ཏུ་ཁོང་གཉིས་གར་སོང་གར་ཁྲིད་ཀྱི་གནས་ཚུལ་རྩ་བ་ནས་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད། ཉེ་ཆར་ཕྱི་ཟླ་གསུམ་པའི་ཟླ་མཇུག་ཏུ་རྒྱ་ནག་གཞུང་གིས་ཁོང་གཉིས་ཀྱི་ནང་མིར་ཐུག་འཕྲད་ཆོག་པའི་བརྡ་ཐོ་ཞིག་འབྱོར་ཏེ་ཁོང་གཉིས་དང་ནང་མི་ཕན་ཚུན་ཁ་པར་ཐོག་སྐར་མ་བཅུ་ཙམ་སྐད་ཆ་བཤད་རྒྱུ་བྱུང་ཡོད་པ་དང། ཁོང་གཉིས་ནི་ལྷ་སའི་ཉེ་འདབས་ཆུ་ཤུར་བཙོན་ཁང་དུ་ཡོད་པ་དང། ཁོང་གཉིས་ཀྱིས་རྒྱ་ནག་གཞུང་གི་འགོ་ཁྲིད་ལ་སྐད་ཆ་གང་བྱུང་བཤད་དེ་ཁྲིམས་ལུགས་ནས་འགལ་འཛོལ་བྱས་པ་དང། སྤྱི་ཚོགས་ཐོག་ཟིང་ཆ་སླངས་བ་སོགས་ཀྱི་ནག་ཉེས་བཙུགས་ཏེ་ལོ་ངོ་༡༣ དང་༡༠བཙོན་འཇུག་ཉེས་ཆད་བཏང་བ་ཤེས་རྟོགས་བྱུང་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།