བལ་ཡུལ་ནང་གི་བོན་གྱི་གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་བོན་རིག་པའི་བགྲོ་གླེང་ཐེངས་གསུམ་པ་འཚོགས་ཡོད་འདུག

2022.09.14
བལ་ཡུལ་ནང་གི་བོན་གྱི་གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་བོན་རིག་པའི་བགྲོ་གླེང་ཐེངས་གསུམ་པ་འཚོགས་ཡོད་འདུག བོན་གྱི་གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་བོན་རིག་པའི་བགྲོ་གླེང་ཚོགས་བཞིན་པའི་པར་རིས། ༢༠༢༢།༠༩།༡༤
Photo: RFA

བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་གྲུ་ཁུལ་དུ་རྟེན་གཞི་ཆགས་པ་བོན་གྱི་གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ། སྤྱི་ཟླ་༩པའི་ཚེས་༡༣ནས་༡༤ཉི་མ་གཉིས་ཀྱི་རིང་།བོན་རིག་པའི་བགྲོ་གླེང་ཐེངས་མ་གསུམ་པ་གནང་ཡོད་ཅིང་། བགྲོ་གླེང་དེ་ལ་རྒྱ་གར་དང་བལ་ཡུལ་བཅས་ཀྱི་བོན་པོའི་ཆོས་ལུགས་ཀྱི་གདན་ས་ཁག་གི་དགེ་བཤེས་དང་དགེ་རྒན། སློབ་གྲྭ་ཆེན་མོའི་ཞིབ་འཇུག་པ་སོགས། མདོར་ན་བོན་གྱི་ཆོས་དང་རིག་གཞུང་ལ་མཁས་པ་བཅོ་ལྔ་ལྷག་མཉམ་ཞུགས་གནང་སྟེ། རྩོམ་རིག་དང་ལོ་རྒྱུས།གསོ་བ་རིག་པ། ལྟ་གྲུབ་སོགས་སྡེ་ཚན་སྣ་ཚོགས་ཀྱི་ཐོག་བགྲོ་གླེང་གནང་གི་ཡོད་པ།བོན་རིག་པའི་བགྲོ་གླེང་གོ་སྒྲིག་གནང་མཁན་ཁྲི་བརྟན་ནོར་བུ་རྩེའི་བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ལྷན་ཚོགས་ཀྱི་རྩོམ་སྒྲིག་པ་ཚུལ་ཁྲིམས་རབ་བརྟན་གྱིས་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་ཁོང་གིས་བོན་པོའི་ཆོས་དང་རིག་གཞུང་དར་སའི་ཡུལ་ལུང་མང་པོ་ཡོད་པ་དང་། གལ་ཆེ་ཤོས་བོད་ཡིན་པ་དང་དེ་མིན་གཅིག་བལ་ཡུལ་ཡིན་པ་མ་ཟད། རྒྱ་གར་བྱང་རྒྱུད་དང་འབྲུག་བཅས་སུ་དར་ཡོད་པའི་ཐོག། བལ་ཡུལ་མངའ་ཁོངས་སུ་ལོ་རྒྱུས་ཀྱི་ཆ་ནས་བོན་ཆོས་དར་ནས་ཡུན་རིང་འགོར་ཡོད་པའི་ཁར། བོད་ཀྱི་རིག་གཞུང་བལ་ཡུལ་ནང་གཏིང་ཟབ་པོ་ཡོད་པ་སོགས་ཀྱིས། བལ་ཡུལ་ནང་བགྲོ་གླེང་བྱེད་པར་ཆ་རྐྱེན་དང་ཉམས་ཞིབ་སོགས་ལ་ཆ་རྐྱེན་ཡག་པོ་ཡོད་པས། བལ་ཡུལ་ནང་བགྲོ་གླེང་འདི་གོ་སྒྲིག་གནང་བ་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་ཁོང་གིས་བགྲོ་གླེང་གི་དམིགས་ཡུལ་ནི་བལ་ཡུལ་ནང་བོད་དང་འབྲེལ་བའི་ཆོས་རིག་གཞུང་མང་པོ་ཞིག་ཡོད་པ་དང་། དགོན་པ་འདི་ས་གནས་ས་ཐོག་རང་དུ་ཡོད་པ་ཞིག་ཡིན་པར་བརྟེན། ས་གནས་སུ་ཡོད་པའི་བོན་དགོན་གཅིག་པུ་འདིས་གོ་སྒྲིག་ཞུས་ཏེ། དེང་དུས་ཀྱི་གཞོན་སྐྱེས་དང་གྲྭ་བ་ཚོ་ཚང་མ་མཉམ་ཞུགས་ཀྱིས་ལོ་རེར་བོན་པོའི་སྐོར་བགྲོ་གླེང་རེ་བྱ་ཐུབ་ན་ཡག་པོར་མཐོང་སྟེ། ང་ཚོས་བགྲོ་གླེང་གོ་སྒྲིག་བྱས་པ་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག
WhatsApp Image 2022-09-14 at 3.41.12 PM (1).jpeg

བོན་རིག་པའི་བགྲོ་གླེང་ཐེངས་སྔ་མ་གཉིས་ཀྱི་ནང་མཁས་པ་༡༡དང་༡༢རེ་མ་གཏོགས། ཕྱི་ནང་གི་གནས་ཚུལ་སྣ་ཚོགས་ཀྱི་དབང་གིས་བགྲོ་གླེང་ཆ་ཤས་བླངས་ཐུབ་མེད་ནའང་། འདི་ལོར་གཞོན་སྐྱེས་ཞིབ་འཇུག་པ་དང་དགེ་བཤེས་དང་དགེ་བཤེས་མ། གྲྭ་བཙུན་སོགས་མཁས་པ་ཁག་བཅོ་ལྔ་ནས་བགྲོ་གླེང་གི་ཆ་ཤས་བླངས་ཡོད་པ་རེད། གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་ཁྲི་བརྟན་ནོར་བུ་རྩེ་ནི། སྨན་རིའི་༧ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས། སྤྱི་ལོ་༡༩༨༧ལོར་བལ་ཡུལ་རྒྱལ་སའི་ཉེ་འཁྲིས་སུ་ཕྱག་བཏབ་པ་དང་། སྤྱི་ལོ་༡༩༩༤ལོ་༧ཡོངས་འཛིན་རིན་པོ་ཆེ་གང་དེས་བཤད་སྒྲུབ་འདུས་སྡེ་བཙུགས་པ་ནས་བཟུང་། བོད་དང་རྒྱ་གར། འབྲུག་དང་བལ་ཡུལ་བཅས་ནས་སློབ་གཉེར་དུ་ཕེབས་ཏེ་དགེ་བཤེས་དང་སྒྲུབ་ཐོན་པ་རྣམས་ཀྱིས། ད་ལྟ་བོད་དང་ཧི་མ་ལའི་རི་རྒྱུད།ཕྱི་རྒྱལ་ཡུལ་ཁག་བཅས་སུ་མཛད་འཕྲིན་སྐྱོང་མུས་མ་ཟད། དགོན་པ་དེ་ནས་ཐོན་པའི་དགེ་བཤེས་མང་པོས་བོད་ནང་གི་བོན་གྱི་བཤད་གྲྭ་ཆེ་ཁག་ཏུ་དགེ་རྒན་གནང་མུས་སུའང་བཞུགས་ཡོད་པ་རེད།

 

གསར་འགོད་པ། བློ་བྷེ། 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎