༧གོང་ས་མཆོག་ལ་མེ་སྲེག་ཐད་དྲི་བ།
2013.10.09
༧གོང་ས་མཆོག་གིས་བོད་མིའི་རང་ལུས་མེར་སྲེག་གི་དོན་རྐྱེན་དེ་དག་ནི་དྲག་གནོན་ཤུགས་ཆེན་འོག་ཧ་ཅང་དཀའ་སྡུག་མྱངས་པའི་ན་ཚ་རྙིང་པ་ཡར་ལངས་པའི་ནད་རྟགས་ལྟ་བུ་རེད་གསུངས་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། ཕྱི་ཚེས་༨་ཀྱི་སྔ་དྲོར་༧གོང་ས་མཆོག་གིས་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་དུས་རབས་༢༡པའི་གོ་ལ་འདིའི་སྟེང་གི་འགན་ཁུར་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད་པ་དང་། སྐབས་དེར་དྲི་བ་གཅིག་ནང་བོད་ནང་གི་རང་ལུས་མེར་སྲེག་གི་སྐོར་བཀའ་དྲི་ཞུས་པར། ༧གོང་ས་མཆོག་གིས། གཅིག་ནས་གནས་ཚུལ་འདི་ཚོ་རྙོག་དྲ་ཚ་པོ་རེད། ནད་རྟགས་ལྟ་བུ་ཞིག་ཆགས་ཡོད། གནས་ཚུལ་ཐབས་སྐྱོ་བོ་དེ་དག་འབྱུང་སྐབས་ངོས་ཀྱིས་གསལ་བཤད་འདི་ལྟར་བྱེད་བཞིན་ཡོད། དྲག་གནོན་ཤུགས་ཆེའི་འོག་ཧ་ཅང་དཀའ་སྡུག་མྱངས་པའི་ན་ཚ་རྙིང་པ་ཡར་ལངས་པ་ལྟ་བུ་ཆགས་ཡོད། མི་བཟོད་པའི་རྣམ་འགྱུར་བསྟན་པ་ཞིག་ཡིན་པ་གསལ་པོ་རེད། གཉིས་ནས་ལས་འགུལ་དེ་རིགས་འཚེ་བའི་བྱ་སྤྱོད་ཡིན་མིན་དེ་གཙོ་བོ་ཀུན་སློང་ལ་རག་ལུས་ཡོད། དཔེར་ན། རང་ལུས་མེར་སྲེག་གཏོང་མཁན་གཅིག་གིས་རང་ཉིད་མ་འཆི་བའི་སྔོན་དུ་བཞག་པའི་ཁ་ཆེམས་ནང་གཞན་ཕན་གྱི་བསམ་བློ་རྒྱ་ཆེན་པོ་ཞིག་བཏང་ཡོད། དེ་དག་ནི་འཚེ་བའི་ལས་རེད་ཅེས་བརྗོད་མི་ཐུབ། ཐོག་མ་ཉིད་ནས་རང་ལུས་མེར་སྲེག་བཏང་བ་དེས་ཕན་ཐོགས་ཇི་ཙམ་ཡོང་བཞིན་ཡོད་མེད་ཐོག་ངོས་ལ་ཐེ་ཚོམ་ཡོད་པའི་བསམ་ཚུལ་བརྗོད་ཟིན་པ་མ་ཟད། ད་ཆ་ངོས་རང་བོད་མིའི་ཆབ་སྲིད་ཀྱི་ལས་འགན་ནས་ཡོངས་སུ་རྒས་ཡོལ་ཞུས་ཟིན་པ་བརྟེན། ཆབ་སྲིད་ཐོག་སྐད་ཆ་ཤོད་རྒྱུ་མེད་ཅེས་བཀའ་ལན་བསྩལ་འདུག