མདོ་ལྷོ་ཀླུ་ཆུའི་ཡུལ་དུ་རང་ལུས་མེར་བསྲེགས་བཏང་བ།
2012.11.23
༄༅། །དེ་ཡང་རྒྱལ་གཅེས་པ་ཁོང་ནི། མདོ་ལྷོ་ཀླུ་ཆུའི་ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ནང་ ཚན་དཔལ་སྒུར་ནགས་རི་ཚོ་བ་ནས་(ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་མ་ངེས་ཞང་གི་ཁོངས་གཏོགས།)ཡིན་ལ། ཁོང་གི་ཕའི་མིང་ལ་ཚེ་རིང་བཀྲ་ཤིས་ཟེར་ཞིང་། རྒྱལ་གཅེས་པ་ཁོང་རང་ལོ་ ༡༤ སྟེང་ཕ་སྐུ་གྲོངས་འདུག མའི་མིང་ལ་སྒྲོལ་མ་འཚོའམ་སྒྲོལ་སྒྲོལ། རང་ལོ་ ༤༧ ཕུ་བོ་ཆེ་བའི་མིང་ལ་གདུགས་དཀར་སྐྱབས། ཕུ་བོ་ཆུང་བའི་མིང་ལ་འཇམ་དབྱངས་གྲགས་པ། ད་ལྟ་ཤིས་ཚང་དགོན་པའི་གྲྭ་བ་ཡིན། ནུ་བོའི་མིང་ལ་འཇིགས་བྱེད་སྐྱབས་བཅས་ཟེར།
ཁོང་གིས་མེར་བསྲེགས་གཏང་སའི་ས་གནས་ནི། ཀླུ་ཆུ་རྫོང་དང་ཐག་ཉེ་བའི་ཀླུ་ཆུའི་འགྲམ་ངོགས་ཤིག་ཏུ་ཡིན་ལ། དགོང་མོ་ཆུ་ཚོད་ ༡༠ ཡས་མས་སུ་ཡིན་འདུག་པས། སྐད་འབོད་ཅི་ཞིག་བྱས་པ་སོགས་ཀྱི་གནས་ཚུལ་གསལ་རྟོགས་ཐུབ་མིན་འདུག མེ་སྲེག་བྱས་པའི་གནས་ཚུལ་སྐབས་ཐོག་དེར་སུས་ཀྱང་ཤེས་རྟོགས་མ་ཐུབ་པར་ད་རང་ ཞོགས་པ་བར་དུ་ལུས་འདུག ད་རང་སྔ་དྲོ་གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་སྐུ་ཕུང་འདས་པོའི་ཁྱིམ་དུ་གདན་འདྲེན་ཞུས་ཤིང་། ཤིས་ཚང་དགོན་པའི་དགེ་འདུན་པ་ཚོ་བསྔོ་བ་སྨོན་ལམ་གསུང་བར་ཕེབས་འདུག ད་ལྟ་མེར་བསྲེགས་གཏང་སའི་ས་གནས་སུ་ཀླུ་ཆུ་རྫོང་གི་རྫོང་དཔོན་དང་ཉེན་རྟོག་པ་ མང་བོ་ཞིག་འབྱོར་འདུག་ཟེར།
རྒྱལ་གཅེས་པ་ཁོང་ནི། ཕྱི་ལོ་ ༢༠༠༦ ལོར་ཤིས་ཚང་དགོན་པར་གྲྭ་བ་བྱས་ཤིང་། ཆོས་མིང་ལ་འཇམ་དབྱངས་དགེ་འདུན་ཟེར། ༢༠༠༧ ལོར་གྲྭ་བ་ལོག་སྟེ་ད་ལྟ་འབྲོག་པ་ཡིན་འདུག རྒྱལ་གཅེས་པ་ཁོང་གིས་ནམ་རྒྱུན་བོད་ཁུལ་དུ་རང་ལུས་མེ་སྲེག་གཏོང་ཐེངས་རེ་ རེར་ངས་ཀྱང་དེ་འདྲ་ཞིག་བྱེད་ཐུབ་ན་ཅི་མ་རུང་ཞེས་དང་། ༸ རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཕྱིར་བོད་ཡུལ་དུ་མ་ཕེབས་ཚེ། འཇིག་རྟེན་འདིར་བསྡད་དང་མ་བསྡད་མི་འདུག་ཅེས་གསུངས་ཀྱི་འདུག་པས། ད་རེས་མེར་སྲེག་གཏོང་དོན་ཡང་དེ་ག་རང་ རེད་ཅེས་བོད་ནས་གནས་ཚུལ་འགྲེལ་བརྗོད་བྱས་སོང་།།