སྤྱི་ཚོགས་བརྟན་ལྷིང་ཟེར་བའི་བརྡ་ཐོ།
2012.11.22
༄༅། །བརྡ་ཐོ་དེའི་ནང༌། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༨པ་འཚོགས་པའི་སྐབས་དེར། རེབ་གོང་ས་ཁུལ་དུ་བརྟན་ལྷིང་མེད་པའི་དོན་རྐྱེན་དྲུག་བསྟུད་མར་བྱུང་བ་དང༌། དེས་ཁུལ་ཡོངས་ཀྱི་འཆམ་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཀྱི་རྣམ་པ་ཧྲིལ་བོར་གཏོར་བརླགས་ཚབས་ཆེན་བཟོས་ཤིང༌། ཞིང་ཆེན་ཡོངས་དང་རྒྱལ་ཁབ་ཡོངས་སུ་ཤན་ཤུགས་ངན་པ་བཞག དོན་རྐྱེན་འདི་དག་བྱུང་བ་འདིས་ཏཱ་ལའི་ཚོགས་ཁག་གིས་ཆོས་ལུགས་ཀྱི་ཕྱི་ལ་མནབས་པ་དང༌། རང་སྲེག་བེད་སྤྱད་ནས་སྤྱི་ཚོགས་ཀྱི་སྐྱོ་སྣང་ངན་སྐུལ་དང༌། སློབ་མ་ཚོར་ངན་སྐུལ་བྱས་ནས་ཟིང་ཆ་བསླངས་ཏེ། སྤྱི་ཚོགས་ལ་གཡོ་འགུལ་འབྱུང་དུ་འཇུག་པ། མེས་རྒྱལ་ཁ་བྲལ་དུ་གཏོང་བའི་རེ་ངན་ཡོངས་སུ་ཕྱིར་མངོན་པ་རེད་ཅེས་སྐྱོན་འཛུགས་དང་འབྲེལ། ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ནུས་ཤུགས་གང་ཡོད་ཀྱིས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་སྐབས་འདིར། ས་ཆ་ཁ་ཤས་སུ་སེར་སྐྱ་མང་ཚོགས་ཀྱིས་འཁྱར་གཏམ་འཕྱལ་གཏམ་བསྒྲགས་པ་དང༌། མུན་འཐོམས་ཀྱིས་ཏཱ་ལའི་ཚོགས་ཁག་གི་ངན་སྐུལ་བསླུ་བྲིད་ལ་ཉན་ཏེ། རང་སྲེག་མཁན་དེ་དཔའ་བོར་བརྩི་བཞིན་འདུག་པས་མ་ཟད། འཚམས་འདྲི་ལ་འགྲོ་བ་དང༌། ཡང་སྒོས་སུ་རང་སྲེག་མཁན་གྱི་ཁྱིམ་མིར་ཞལ་འདེབས་ཕུལ་བ་སོགས་ཀྱི་བྱ་སྤྱོད་འབྱུང་བཞིན་འདུག་སོགས་བཀོད་ཡོད་པས་མ་ཚད། རང་སྲེག་མཁན་གྱི་ཁྱིམ་མི་ལ་འཚམས་འདྲི་བྱེད་མཁན་དང་ཁྱིམ་ཚང་ལ་ཞལ་འདེབས་ཕུལ་མཁན་མང་ཚོགས་དང་གྲྭ་བ་ཚོར་སྐྱོན་བརྗོད་སློབ་གསོ་གཏོང་དགོས་རྒྱུ་སོགས་མཐའ་ན། དགོན་པའི་བླ་མ་དང་མང་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་པ་ཡིན་ཕྱིན། དགོན་པ་ཁྲིམས་ལྟར་སྒོ་རྒྱག་ཏུ་འཇུག་པ་དང༌། དག་ཐེར་ནན་པོ་བྱས་པའི་ཐོག རྩ་འཛུགས་བྱེད་མཁན་གྱི་རིགས་ལ་ཁྲིམས་ཆད་ལྗིད་པོ་གཅོད་དགོས་རྒྱུའི་བརྡ་ཁྱབ་ཞིག་རྨ་ལྷོ་ཁུལ་གྱི་རྒྱ་ནག་གི་གཞུང་འབྲེལ་ལས་ཁུངས་ཀྱིས་ཁུལ་དེའི་མང་ཚོགས་ལ་བཏང་འདུག།