དེ་རིང་བྱུང་བའི་མེར་སྲེག་ཀྱི་ལས་འགུལ་གཉིས་པ།
2012.10.26
༄༅། །དེ་ཡང་བསང་ཁོག་ཐུབ་བསྟན་གིས་ཁུངས་ལྡན་གནས་ངོ་སྤྲོད་གནང་བ་ལྟར་ན། དེ་རིང་ཚེས་༢༦ ཉིན་བོད་ནང་གི་དགོང་དྲོའི་ཆུ་ཚོད་༨པ་ཙམ་ལ་བླ་བྲང་བསང་ཆུ་རྫོང་བསང་ཁོག་ཤང་གི་ཉེ་འགྲམ་ནས་བོད་མི་ཚེ་དཔག་སྐྱབས་ལགས་ཀྱིས་༧གོང་ས་མཆོག་བོད་ལ་ཕེབས་སུ་འཇུག་དགོས་བ་དང་། པཎ་ཆེན་རིན་པོ་ཆེ་གཙོས་བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་དཀྲོལ་གཏོང་དགོས། བོད་ལ་རང་དབང་དགོས་ཞེས་རྔམ་སྟོན་སྐད་འབོད་གནང་ཞོར་རང་ལུས་མེ་ལ་བསྒྲོན་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་འདུག ཁོང་མེ་ལྕེ་ཁྲོད་ས་གནས་རང་ལ་སྐུ་གྲོངས་ཡོད་འདུག སྐབས་དེར་དུས་ཐོག་ཉེན་རྟོག་དམག་མི་སོགས་འབྱོར་མེད་ཀྱང་ཤང་གི་ལས་བྱེད་པ་ཚོ་ཡོང་སྐབས། ས་གནས་བོད་མི་ཚོས་སྐུ་ཕུང་སྲུང་ནས་ཡོང་བཅུག་མེད་པ་དང་མཉམ་སྐུ་ཕུང་ཁོང་གི་ནང་ལ་འཁྱེར་ནས་གྲོང་ཚོའི་བོད་མི་ཚོས་བསྔོ་སྨོན་གསུངས་ཞོར་སྲུང་བསྡད་ཡོད་པ་རེད་འདུག
གནས་ཚུལ་རྩད་གཅོད་རིམ་པས་བྱས་པ་ལྟར། ཡོངས་ཁུངས་ནས་བརྗོད་ན། རང་ལུས་མེར་སྲེག་གཏོང་མཁན་ཁོང་ནི་བསང་ཁོག་རུ་མང་རུ་ཁག་གཉིས་བའི་གཞོན་སྐྱེས་ཚེ་དཔག་སྐྱབས་སམ་ཚེ་བྷ་ཡིན་པ་དང་། རྗེས་སུ་བསང་ཁོག་གསེར་ཁྲི་སྡེ་བའི་རུ་ཆེན་བཞི་པའི་མགོ་བྷ་ཚང་ལ་མག་པར་ཡོང་བ་ཡིན་པར་ལོ་༢༡ཙམ་རེད་འདུག ཁོང་གི་ཆུང་མའི་མཚན་ལ་རྡོ་རྗེ་སྒྲོལ་མ་དང་། ཨ་མའི་མཚན་ལ་ཀླུ་མོ་བྱམས། སྤུན་གྱི་མཚན་ལ་བཀྲ་ཤིས་དོན་གྲུབ་ཡིན་འདུག
དེ་ལྟར་ས་གནས་ལ་ཁ་པར་བཏང་ནས་གནས་ཚུལ་རྩད་གཅོད་བྱེད་སྐབས། དགེ་འདུན་པ་ཞིག་གིས་ངས་གསལ་བོ་མ་ཤེས་ཀྱང་། དེ་རིང་བསང་ཆུ་ཨ་མཆོག་དང་། བསང་ཁོག་གཉིས་ནས་བོད་མི་རེ་མེར་སྲེག་བཏང་འདུག་པས་ང་ཚོ་སྨོན་ལམ་འདོན་པར་ཤོག་ཅེས་སྐད་བཏང་སོང་། ད་ང་འགྲོ་དགོས་ཡོད་སྐད་ཆ་བཤད་ཁོམ་མེད་ཅེས་ས་གནས་ནས་ངོ་སྤྲོད་བྱས་ཡོད།།
དེ་ནི་དེ་རིང་ཚེས་༢༦ ཉིན་བོད་ཀན་ལྷོ་བླ་བྲང་བསང་ཆུ་ཕྱོགས་ནས་བོད་མིས་རང་ལུས་མེར་སྲེག་བཏང་བ་གཉིས་བ་ཡིན་པ་རེད།།