གྲོང་ཁྱེར་སྲིད་གཞུང་མདུན་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ།
2014.08.04

རྒྱ་ནག་ཧུའུ་ནན་ཞིང་ཆེན་ཞང་ཐན་གྲོང་ཁྱེར་སྲིད་གཞུང་གི་མདུན་དུ་སྐྱེས་པ་ཞིག་གིས་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱས་ཡོད་འདུག
དེ་ཡང་ཟླ་བ་འདིའི་ཚེས་༢ཉིན། ཧུའུ་ནན་ཞིང་ཆེན་ཞང་ཐན་Xiangtanགྲོང་ཁྱེར་སྤྱི་བདེ་ལས་ཁང་གིས་གཞུང་འབྲེལ་བརྡ་ཁྱབ་ཅིག་སྤེལ་བའི་ནང་། ཕྱི་ཟླ་ ༨ཚེས་༡ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་དང་སྐར་མ་ ༣༡ ཙམ་ལ། ཞང་ཐན་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་མྱུར་སྐྱོབ་བཀོད་འདོམས་ཁང་ལ་ཁ་པར་རྒྱུད། ཞང་ཐན་གྲོང་ཁྱེར་སྲིད་གཞུང་གི་མདུན་དུ་སྐྱེས་པ་ཞིག་གིས་རང་ལུས་མེར་སྲེག་བཏང་ཡོད་པའི་གནས་ཚུལ་འབྱོར་བ་དང༌། དེ་ནས་སྤྱི་བདེ་ལས་ཁུངས་ཀྱིས་འདྲི་རྩད་བྱས་ཏེ་ཤེས་རྟོག་བྱུང་བ་ནི། རང་ལུས་མེར་བསྲེགས་གཏོང་མཁན་མི་དེ། རང་ལོ་༥༥ ལ་སོན་པའི་ཡས་ཧོའུ་ས་ཁུལ་གྱི་ཀྲའོ་ཀུང་ཧྲེན་Zhao Guangshenཟེར་བ་ཡིན་པ་དང་། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༤ དང་སྐར་མ་ ༣༠ ཙམ་ལ། སྐྱེས་པ་དེས་ཞང་ཐན་སྲིད་གཞུང་གི་མདུན་དུ་གློ་བུར་དུ་རང་གི་ལུས་སྟེང་དུ་ས་སྣུམ་གཏོར་ཏེ་མེ་སྤར་བའི་རྗེས། སྲིད་གཞུང་གི་འབྲེལ་ཡོད་མི་སྣས་ལམ་སེང་སྐྱེས་པ་དེའི་ལུས་སྟེང་གི་མེ་བསད་དེ་གྲོང་ཁྱེར་གྱི་སྨན་ཁང་ནང་བསྐྱལ་ནས་འགྲོ་གྲོན་སོགས་ལ་མི་འཛེམ་པར་སྲོག་ལས་སྐྱོབ་དགོས་པའི་བཀའ་ཁྱབ་བཏང་ཡོད་སྐོར་དང༌། ཡང་སྤྱི་བདེ་ཚན་པས་དོན་རྐྱེན་དེའི་བྱུང་རྐྱེན་ལ་ཞིབ་བཤེར་བྱེད་ཀྱིན་ཡོད་ལུགས་བཀོད་ཡོད་འདུག
ཡང་དོན་རྐྱེན་འདི་དང་འབྲེལ་བའི་སྐོར་དྲ་ལམ་ཁག་ནང་འདྲ་དཔར་དང་བཅས་གནས་ཚུལ་ཐོན་སྤེལ་བའི་ནང༌། ཕྱི་ཟླ་༨ ཚེས་༡གི་དགོང་མོར་རང་ལུས་མེར་བསྲེག་གི་དོན་རྐྱེན་བྱུང་སར་མི་ཞིག་གིས་འཕྲེད་དར་ཞིག་འཕྱར་ཡོད་པ་དང་། འཕྲེད་དར་དེའི་སྟེང་ས་ཞིང་ཞེས་ཡི་གེ་གཉིས་བཀོད་ཡོད་ལུགས་གསལ་ཡོད་འདུག
ཡང་གནས་ཚུལ་ནང་མུ་མཐུད་འགྲེལ་བརྗོད་བྱས་པའི་ནང༌། འདས་པའི་ལོ་ཤས་ནས་བཟུང༌། རྒྱ་ནག་ནང་ས་གནས་སྲིད་གཞུང་མང་པོས། འཛུགས་བསྐྲུན་ཡར་རྒྱས་སོགས་ལ་ཁ་གཡར་ཏེ། མང་ཚོགས་ཀྱི་ས་ཞིང་གཞུང་བཞེས་བཏང་བའི་གནས་ཚུལ་མང་དག་བྱུང་དང་འབྱུང་བཞིན་པ་ལྟར། རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱིས་རང་ཉིད་ཀྱི་འཚོ་རྟེན་ས་ཞིང་སྲུབ་སྐྱོབ་ཆེད་གོང་རིམ་ལ་ཞུ་གཏུགས་བྱས་ཀྱང་ཁ་ཡ་བྱེད་མཁན་ཡོང་གི་མེད་སྟབས། འདི་ལྟབུའི་རང་ལུས་མེར་བསྲེགས་གཏོང་བའི་གནས་ཚུལ་ཡང་སེ་ཡོང་གི་ཡོད་སྐོར་གནད་དོན་དབྱེ་ཞིབ་པ་ཚོས་དགོངས་ཚུལ་གསུང་གི་ཡོད་འདུག
གསར་འགོད་པ་ངག་དབང་ཆོས་འཕེལ།