ད་བར་བོད་མི་གྲངས་༩༢ཀྱིས་རང་ལུས་མེ་བསྲེགས་བཏང་འདུག

ཀན་ལྷོ་འབོ་ར་དང་མགོ་ལོག་པདྨ་གཉིས་སུ་བསྟུད་མར་རང་ལུས་མེ་བསྲེཊ་བྱུང་རྗེས་ད་བར་བོད་ནས་བསྡོམས་པས་བོད་མི་གྲངས་༩༢ཀྱིས་རང་ལུས་མེ་བསྲེཊ་ཀྱི་ཞི་རྒོལ་བྱས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་འདུག

2012.12.03

མགོ་ལོག་པདྨ་

བློ་བཟང་དགེ་འདུག
བློ་བཟང་དགེ་འདུག

དེ་ཡང་ཚངས་དབྱངས་ཀྱིས་འདི་གར་གནས་ཚུལ་བཏང་བ་ལྟར་ན། ཟླ་འདིའི་ཚེས་ ༣ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་ ༧།༤༥ ཡས་མས་སུ་མགོ་ལོག་པདྨ་རྫོང་ནས་བོད་མི་བློ་བཟང་དགེ་འདུན་གྱིས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ནང་སྐུ་གྲོངས་ཡོད་པ་དང་། ཁོ་ནི་མགོ་ལོག་པདྨ་རྫོང་སེ་ལེ་ཐང་ཡུལ་ཚོའི་པད་ནག་དགོན་ཀ་དག་སྤྲོས་བྲལ་གླིང་གི་གྲྭ་བ་རང་ལོ་ ༢༩ ཡིན་པར་། ཁོང་གི་རང་ལུས་མེར་བསྲེགས་གནང་སའི་ས་གནས་ནི། མགོ་ལོག་པདྨ་རྫོང་གི་སུམ་མདོར་པདྨ་འདབས་བརྒྱད་ཅིག་ཡོད་པའི་འགྲམ་ནས་རང་ལུས་མེར་བསྲེགས་གནང་སྟེ་ལག་གཉིས་ཐར་མོ་སྦྱར་ནས་སྐད་འབོད་བྱེད་བཞིན་ (སྐད་འབོད་ཀྱི་ནང་དོན་གསལ་ཁ་བྱུང་མེད།) མདུན་དུ་གོམས་པ་སུམ་བརྒྱ་ཙམ་རྒྱུགས་མཐར་ཐང་དུ་འགྱེལ་ཡོད་པ་དང་། སྐབས་དེར་ས་གནས་ཉེན་རྟོག་པ་དང་། དམག་མི་བསླེབས་ནས་ཁོང་གི་ཕུང་པོ་བཙན་ཁྱེར་བྱེད་བཞིན་པའི་སྐབས་ས་གནས་མང་ཚོགས་ཚོ་རྒྱུགས་ནས་ཁོང་གི་ཕུང་པོ་བཙན་ཁྱེར་བྱེད་མ་བཅུགས་པར་རང་དགོན་དུ་གདན་འདྲེན་ཞུ་བཞིན་ཡོད་འདུག་ལ། ད་ལྟ་རྫོང་ཐོག་ཏུ་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་རེད་འདུག

དེ་ལྟར་ཁོང་གི་ཕའི་མིང་ལ་མགོ་ལོག་ལོ་ཁོ་དང་། མའི་མིང་ལ་ས་འགོ་བདེ་དབང་། དེ་བཞིན་དུ་སྤུན་མཆེད་ཚེ་ཆུང་སོགས་ནང་མི་བཅུ་གཅིག་ཡོད་འདུག

ཀན་ལྷོ་འབོ་ར་

དེ་བཞིན་འབོ་ར་བ་བསོད་ནམས་གྱིས་འདི་གར་གནས་ཚུལ་བཏང་དོན། ཟླ༡༢ཚེས༢ཉིན་བོད་མདོ་སྨད་འབོ་ར་ནས་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་3ཡས་མས་སུ།  རྒྱལ་གཅེས་དཔའ་བོ་ལྷ་མོ་སྐྱབས་ལགས་ཀྱིས་ཁ་ཉིན་མེར་བསྲེགས་གནང་སའི་བཞི་མདོ་སྟེ་འབོ་ར་དགོན་པའི་ཉེ་འགྲམ་གྱི་ལམ་ཆེན་ཨང་རྟགས་213ཅན་སྟེང་འབོ་རའི་བརྡར་མདོ་སྡེ་བའི་རྒྱལ་གཅེས་དཔའ་བོ་གཟུངས་འདུས་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་འདུག  དེ་མ་ཐག་ས་གནས་དེར་རྒྱུན་དུ་དགོན་པ་སྐོར་སྲུང་བྱེད་བཞིན་པའི་དྲག་ཆས་ཉེན་རྟོག་པ་དང་། དམག་མི་ཚོས་མཐོང་བས་ཁོས་རང་གི་མགོ་བོ་རྩིག་ངོས་ལ་བརྒྱབ་སྟེ་ཁྲག་མང་བོ་ཐོན་བཞིན་པའི་སྐབས་དེར་འཕྲལ་དུ་ཉེན་རྟོག་པས་བཙན་གྱིས་ཁྱེར་ཏེ་ཀན་ལྷོ་ཁུལ་ཐོག་གི་མི་དམངས་སྨན་ཁང་དུ་ཉར་འདུག ད་ལྟ་སྨན་ཁང་གི་ཕྱི་ནང་གང་སར་ཉེན་རྟོག་དམག་མིས་སྐོར་འདུག་པ་དང་། ནང་མི་སོགས་འབྲེལ་ཡོད་མི་སྣས་ཐུག་འཕྲད་བྱེད་མི་ཐུབ་པས་ཤི་གསོན་གྱི་གནས་ཚུལ་ཅི་ཡང་ཤེས་རྟོགས་མི་འདུག

གཟུངས་འདུས་སྐྱབས

ཁོང་གི་ཨ་ཕའི་མིང་ལ་ཚེ་བྷ་དང་། ཨ་མའི་མིང་ལ་བན་དེ་འཚོ། ཁོང་གི་གཟའ་ཟླའི་མིང་ལ་གདུགས་དཀར་སྐྱིད། ཁོང་གཉིས་ཀྱི་བྱིས་པའི་མིང་ལ་སྐལ་བཟང་ཚེ་རིང་ཟེར་ཞིང་ད་ལྟ་ལོ་གཉིས་མ་ཟིན་ཙམ་ཞིག་ཡིན་འདུག།

དེ་ཙ་ན་ད་བར་བོད་ནས་རང་ལུས་མེ་བསྲེགས་ཀྱི་ཞི་རྒོལ་བྱས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་གྲངས་འབོར་༩༢ཟིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎