རྒྱལ་ས་ལྷ་སའི་ནང་དམིགས་བསལ་གྱི་དམ་བསྒྲགས་བྱས་ཡོད་པ།
2008.11.24
༄༅༎ཉེ་སྔོན་རྒྱ་གར་རྡ་རམ་ས་ལར་འཛམ་གླིང་གི་རྒྱལ་ཁབ་བཅུ་དགུ་ཙམ་ནས་ཕེབས་པའི་བོད་རིགས་འཐུས་མི་ལྔ་བརྒྱ་ལྔ་བཅུ་ང་དགུ་ཙམ་གྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་རྒྱལ་སྤྱིའི་གནས་བབས་ཀྱི་གླེང་གཞི་ཐོག་བགྲོ་གླེང་གནང་བའི་སྐབས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་ནག་གིས་དམིགས་བསལ་གྱི་དམ་བསྒྲགས་བྱས་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག
འདི་ག་རླུང་འཕྲིན་ཁང་ལ་བོད་ནས་ཞལ་དཔར་བཏང་མཁན་གྱི་བརྒྱུད་ནས་ཤེས་རྟོགས་བྱུང་དོན་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་འགོངས་ལྟར་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་དེ་ཕྱི་ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ནས་འགོ་བཙུགས་ཀྱི་ཉིན་གྲངས་དྲུག་གི་རིང་དུ་སྐོང་འཚོགས་གནང་བའི་སྐབས་བོད་ནང་རྒྱ་ནག་གི་ས་གནས་ཀྱི་བརྙན་འཕྲིན་དང་རླུང་འཕྲིན་སོགས་ཀྱི་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཏོན་གནང་བའི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྒྱ་ནག་གིས་ནམ་ཡང་ངོས་ལེན་གནང་གི་མེད་པ་དང་ལྷག་དོན་དུ་ཉེ་སྔོན་གྲོས་མོལ་ཐེངས་བརྒྱད་པའི་ནང་གྲུབ་འབྲས་མ་བྱུང་བ་དེ་བོད་ཀྱི་ཕྱོགས་ནས་མ་བྱུང་བའི་ཉེས་འཛུགས་དྲིལ་བསྒྲགས་སྤེལ་ཡོད་པ་རེད་འདུག
མཐའ་ན་ལག་ཐོག་གི་ཁ་དཔར་གྱི་བརྒྱུད་ནས་༸གོང་ས་མཆོག་ལ་མཚན་དམས་དང་སྐྱོན་བརྗོད་ཀྱི་གློག་འཕྲིན་བཏང་ནས་དྲིལ་བསྒྲགས་བྱས་འདུག ལྷག་དོན་དུ་བོད་ས་ཁུལ་ཁག་དང་དམིགས་བསལ་གྱི་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་ནག་གིས་དྲག་པོའི་དམག་མི་དང་གོ་མཚོན་ཐོགས་པའི་མོ་ཊ་མང་པོ་ལྷ་སའི་གྲོང་ཁྱེར་དང་བོད་རིགས་སྡོད་གནས་སུ་འགྲེམས་འཇོག་བྱས་ཡོད་པ་དང་མཐའ་ན་བོད་ཀྱི་པོ་ཏཱ་ལའི་མདུན་གྱི་ཐང་ཆེན་ཐོག་མེ་མདའ་བཙུགས་པ་དྲག་པོའི་དམག་མི་མོ་ཊ་བཞག་ནས་དམག་ཤོར་བའི་ཁོར་ཡུག་ལྟ་བུ་ཞིག་བཟོས་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག
ཐེངས་འདིའི་དམིགས་བསལ་ཚོགས་ཆེན་ཐོག་བོད་ནང་དུ་ཡོད་པའི་བོད་མི་མང་པོ་དང་ལྷག་དོན་དུ་དགུང་ལོ་བགྲེས་པ་རྣམས་ཀྱིས་ཐུགས་སྣང་ཆེན་པོ་གནང་གི་ཡོད་པ་དང་འདི་གའི་རླུང་འཕྲིན་ཁང་གི་བརྒྱུད་ནས་ཚོགས་ཆེན་གྱི་རྒྱབ་གཉེར་སྙན་ཐོའི་ནང་དོན་གསན་པའི་རྗེས་སུ་བོད་རིགས་མང་པོ་ཞིག་དགའ་པོ་བྱུང་ཡོད་པ་བཅས་ཀྱི་གནས་ཚུལ་འདི་ག་རླུང་འཕྲིན་ཁང་ལ་གསུངས་མཁན་བྱུང་ཡོད་པ་རེད།