བདེ་སྲུང་བཀའ་བློན་དངོས་གྲུབ་མཆོག་གིས་རྩ་དགོངས་ཞུས་བ།
2016.04.06
བདེ་སྲུང་བཀའ་བློན་མཆོག་གིས་འགན་ཁུར་ཐད་སེམས་ལ་རྡོག་ཁྲེས་ཡོད་པ་ཡིན་ཙང་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུས་པ་གསུངས་འདུག
དེ་ཡང་གནས་ཚུལ་ལྟར་ན། དེ་རིང་སྤྱི་ཚེས་༦་ཉིན་གློ་བུར་བཀའ་དྲུང་ཡིག་ཚང་ནས་གསལ་བསྒྲགས་བའི་ནང་། ཕྱི་ཟླ་༤་ཚེས་༦་རེས་གཟའ་ལྷག་པའི་ཉིན་གྱི་སྔ་དྲོར་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་གནང་བ་དང་། དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་ནས་དཔལ་འབྱོར་དང་བདེ་སྲུང་བཀའ་བློན་གྱི་མཛད་འགན་གཅིག་ལྕོགས་གནང་རྒྱུ་ཡིན་པ་གསལ་འདུག་པ་ལས་ཞིབ་ཕྲ་བདེ་སྲུང་བཀའ་བློན་མཆོག་གིས་རྩ་དགོངས་ཞུས་དོན་སོགས་ཀྱི་ཐད་གནས་ཚུལ་གསལ་འདོན་གནང་མི་འདུག བཞུགས་སྒར་རྡ་རམ་ས་ལར་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གིས་གསར་འགོད་པས་དྲི་བར་བཀའ་ལན་གནང་སྐབས། ཁོང་གིས་རྩ་དགོངས་ཞུ་དགོས་བའི་རྒྱུ་མཚན་གཙོ་བོ་བར་ལམ་རྣམ་པ་ཚོ་ཚང་མས་མཁྱེན་གསལ་ལྟར་སྨན་རྩིས་ཁང་གི་མཛད་སྒོའི་ཐོག་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བཀའ་སློབ་ལྗིད་པོ་ཕེབས་གནང་ཡོད་པ་དང་། དེའི་ཐོག་ཉེ་ཆར་གྲོས་ཚོགས་གྲོལ་རྗེས་ཆོས་སྐྱོང་ཚོ་སྤྱན་འདྲེན་ཞུས་སྐབས་བཀའ་ལུང་ལྗིད་པོ་ཞེ་བོ་ཕེབས་འདུག དེ་འདྲ་ལ་བརྟེན་སོ་སོའི་འགན་དེ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་བ་ཡིན་ཙང་འགན་འཁུར་མ་ཐུབ་པའི་གནས་སྟངས་ཞིག་སེམས་ལ་རྡོག་ཁྲེས་ཡོད་པ་ཡིན་ཙང་བཟང་སྤྱོད་ཀྱི་ཐོིག་ནས་དགོངས་པ་ཞུས་བ་ཡིན་ཅེས་དང་། ཁོང་གིས་མུ་མཐུད་དུ། ཁོང་ལ་བཀའ་ཤག་གཉིས་ཀྱི་ལས་རྒྱུན་རིང་བོད་མི་དམངས་དང་ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་ཕྱྭའི་ཐོག་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་བྱུང་བ་དེ་ནི་སྐལ་བཟང་པོ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་ཅེས་གསུངས་པ་དང་ཆབས་གཅིག། བཀའ་ཤག་འདིའི་ལས་ཡུན་མ་ཚང་བར་བཀའ་བློན་གྱི་ལས་འཁུར་མུ་འཐུད་བཞེས་མ་ཐུབ་པར་འཕྲན་བུའི་བློ་མི་བདེ་བ་ཞིག་ཀྱང་ཡོང་གི་ཡོད་པ་གསུངས་ཡོད་པ་རེད།
ད་རེས་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་ནི་བཀའ་ཤག་སྐབས་བཅོ་ལྔ་པའི་ནང་བཀའ་བློན་གྱི་ལས་དུས་མ་གཙང་གོང་དགོངས་ཞུ་གནང་མཁན་བཀའ་བློན་གཉིས་པ་དེ་ཆགས་ཡོད་པ་དང་། དེའི་གོང་ཕྱི་ཟླ་༢་པའི་ནང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དགོངས་ཞུ་གནང་ཞིང་། ཁོང་གིས་སྲིད་སྐྱོང་གི་འོས་མི་བྱེ་བྲག་པ་ཞིག་ལ་ངེས་པར་ཚང་དགོས་པའི་ཡོན་ཏན་གཙོ་བོ་དོན་ཚན་དགུ་དགོས་པ་གསལ་འགྲེལ་གནང་བ་དང་། རྩ་དགོངས་ཞུས་གནང་བའི་རྒྱུ་རྐྱེན་ཇི་ཡིན་ཡིག་ངག་གཉིས་ཐོག་ནས་གསལ་བཤད་གནང་ཡོད་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ། ཀླུ་འབུམ། སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།