གྲོས་ཚོགས་ཚོགས་དུས་གཉིས་བ་དབུ་ཚུགས་གནང་འདུག
2016.09.20
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཉིན་དང་པོར་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐད་གྲོས་ཆོད་བཞག་འདུག
དེ་ཡང་ཕྱི་ཟླ་དགུ་པའི་ཚེས་༢༠་ཉིན་བཞུགས་སྒར་རྡ་རམ་ས་ལར་བོད་མི་མང་སྤྱི་འཐུས་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་གཉིས་བ་དབུ་ཚུགས་གནང་ཡོད་པ་དང་། དེ་རིང་ཚོགས་དུས་ཉིན་དང་པོའི་ཉིན་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་བའི་ནང་། བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་། ངོ་བོ་བཅས་པའི་ཐོག་དྲག་གནོན་གྱི་སྲིད་བྱུས་མུ་མཐུད་ནས་འཛིན་བཞིན་ཡོད་ཀྱང་། བོད་མི་ཚོས་སེམས་ཤུགས་ནམ་ཡང་མ་ཆགས་པར་མུ་མཐུད་ནས་གཅེས་འཛིན་བྱེད་བཞིན་ཡོད་ལུགས་གསུངས་བ་མ་ཟད། རྒྱལ་སྤྱིའི་ཐོག་ནས་ཀྱང་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་གི་ཡོད་པའི་སྐོར་གསུངས་འདུག
ཚོགས་དུས་ཐོག་ཚོགས་གཙོ་མཆོག་ནས་ལས་རིམ་ཚོགས་ཆུང་ཚོགས་མི་དང་ཚོགས་གཙོ་ལས་ཚབ་ཀྱི་མཚན་ཐོ་གསལ་བསྒྲགས་གནང་བའི་ནང་། ཚོགས་གཙོ་ལས་ཚབ་ཁོངས་སུ་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང་། རྒྱ་རིགས་ཐར་། དཀོན་མཆོག་ཡར་འཕེལ་བཅས་དང་། གྲོས་ཚོགས་ཀྱི་ལས་རིམ་ཚོིགས་ཆུང་ཁོངས་སུ་སྤྱི་འཐུས་སྒྲོལ་མ་ཚེ་རིང་དང་། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན། མཁན་པོ་འཇམ་དཔལ་བསྟན་འཛིན། ཀརྨ་དགེ་ལེགས། བསམ་མདོ་བྱམས་པ་ཚེ་རིང་བཅས་ཡོད་འདུག
ཡང་གྲོས་ཚོགས་ཚོགས་དུས་གཉིས་པའི་ཐོག་གྲོས་ཆོད་གཉིས་འཇོག་གནང་མཛད་པའི་ནང་། བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཡོད་པའི་སྐོར་དང་། དེ་བཞིན་མདོ་སྨད་སྤྱི་འཐུས་བསྟན་འཛིན་མགོན་པོ་ལགས་ཉེ་ཆར་དགོངས་པ་རྫོགས་པར་མྱ་ངན་གུས་འདུད་ཞུས་གནང་ཡོད་འདུག
སྤྱི་འཐུས་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་ཕྱི་ཟླ་དགུ་པའི་ཚེས་༢༠་ནས་ཚེས་༢༩་བར་ཉིན་གྲངས་དགུའི་རིང་ཚོགས་གནང་གི་ཡོད་འདུག།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།