༧གོང་ས་མཆོག་དབྱིན་ཡུལ་གྱི་བྱང་ཕྱོགས་ཁུལ་དུ་ཆིབས་བསྒྱུར།
2012.06.18
༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བདུན་ཕྲག་རྗེས་མའི་ནང་དབྱིན་ཡུལ་གྱི་བྱང་ཕྱོགས་སིཀོཏ་ལེནདྲ་ཁུལ་དུ་ཆིབས་བསྒྱུར་གནང་རྒྱུའི་མཛད་འཆར་ཡོད་པ་རེད་ གོ་སྐབས་དེ་དང་བསྟུན་ཏེ་སིཀོཏ་ལེནདྲ་གྱི་བློན་ཆེན་དང་པོའམ་ First Minister སྐུ་ཞབས་ཨེ་ལེཀ་ཛེན་ཌར་སེལ་མོན་གྱིས་༸གོང་ས་མཆོག་མཇལ་འཕྲད་གནང་དགོས་ཞེས་སི་ཀོཏ་ལེནདྲ་མངའ་སྡེའི་གྲོས་ཚོགས་ཁོངས་ཀྱི་དམངས་གཙོ་གུ་ཡངས་ཚོགས་པའི་འགོ་ཁྲིད་ སྐུ་ཞབས་ལྦི་ལི་རེན་ནི་ཡིས་སྐུལ་འདེད་ནན་པོ་གནང་ཡོད་པ་རེད་ འོན་ཀྱང་ ཁོང་གིས་འགྲོ་བ་མིའི་ཐོབ་ཐང་དར་སྤེལ་གནང་བ་ལས་ རྒྱ་ནག་གི་གནོན་ཤུགས་འོག་ལ་མགོ་བོ་སྒུར་རྒྱུའི་རྣམ་འགྱུར་བཏོན་ཏེ་ འཛམ་གླིང་གི་ཁྱོན་ལ་མི་ཀུན་གྱིས་ཆེ་བསྟོད་ཞུ་བའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ ནོ་རྦེལ་ཞི་བདའི་གཟེངས་རྟགས་བཞེས་མཁན་ཏྰ་ལའི་བླ་མ་མཆོག་མཇལ་འཕྲད་མ་གནང་བའི་རྐྱེན་གྱིས་གོ་སྐབས་བཟང་པོ་དེ་ཤོར་བ་རེད་ཅེས་སྐུ་ཞབས་ལྦི་ལི་རེན་ནི་ཡིས་སྐྱོན་བརྗོད་གནང་ཡོད་པ་རེད་ ཁོང་གིས་མུ་མཐུད་དེ་༸གོང་ས་མཆོག་མཇལ་རྒྱུ་དང་བཀའ་སློབ་ཉན་ཕྱིར་སིཀོཏ་ལེནདྲ་གྱི་གྲོང་ཁྱེར་ཌན་ཌི་དང་ཨེ་ཌིན་སྦག་ ཨིན་ལྦར་ནེསི་བཅས་ཀྱི་ཁྱོན་ལ་མི་མང་ཚོས་འདས་པའི་ལོ་ ༦ རིང་ངང་སྒུག་བྱས་ནས་བསྡད་ཡོག་རེད་ཅེས་དང་ སི་ཀོཏ་ལེནདྲ་གྱི་བློན་ཆེན་དང་པོ་ཨེ་ལེཀ་ཛེན་ཌར་སེལ་མོན་གྱིས་༸གོང་ས་མཆོག་མཇལ་འཕྲད་གནང་རྒྱུའི་འཆར་གཞི་མེད་པ་ནི་ ཁོང་གིས་གོང་ས་མཆོག་མཇལ་འཕྲད་གནང་ཡག་དེ་ གནད་འགག་ཆེན་པོ་མིན་པར་མཐོང་ཡོད་པ་ཡིན་ནམ་ ཡང་ན་ ཁོང་གིས་རྒྱ་ནག་ཁོང་ཁྲོ་སློང་རྒྱུའི་བློ་ཁོག་མེད་པ་རེད་ཅེས་བརྗོད་འདུག སི་ཀོཏ་ལེནདྲ་གྱི་བློན་ཆེན་དང་པོ་ཨེ་ལེཀ་ཛེན་ཌར་སེལ་མོན་གྱི་མགྲིན་ཚབ་མས་གསུང་ན་ ཁོང་ལ་༸གོང་ས་མཆོག་མཇལ་རྒྱུའི་མགྲོན་བརྡ་གཅིག་ལས་འབྱོར་མེད་པ་དང་ དེ་ནི་ཁ་སྔོན་ཕྱི་ཟླ་ ༥ པའི་ཚེས་ ༡༤འི་ཉིན་༸གོང་ས་མཆོག་ལ་ཀྲེམ་པལ་ཀྲོན་གཟེངས་རྟགས་འབུལ་ལམ་ཞུ་སྐབས་ཡིན་པ་དང་ སྐབས་དེར་ཁོང་གིས་གཞུང་དོན་སླད་དུ་ནོར་ཝེ་རུ་ཕེབས་པ་དང་དུས་མཉམ་འཁེལ་ཡོད་པ་རེད་ སི་ཀོཏ་ལེནདྲ་གྱི་བློན་ཆེན་དང་པོ་སྐུ་ཞབས་ཨེ་ལེཀསི་སེལ་མོན་གྱིས་སྔ་ལོའི་ཕྱི་ཟླ་ ༡༢ ནང་ རྒྱ་ནག་ཏུ་གཞུང་དོན་སླད་དུ་ཕེབས་སྐབས་འགྲོ་བ་མིའི་ཐོབ་ཐང་ཐད་རྒྱ་ནག་གི་འགོ་ཁྲིད་ལྷན་དུ་བཀའ་མོལ་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད།