ཨ་རིའི་གྲོས་ཚོགས་ནང་བོད་རང་བཙན་གྱི་ཁྲིམས་འཆར།
ཕྱི་ཟླ་༦པའི་ཚེས་༣༠སྟེ་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ཏེ་ལོ་ངོ་བརྒྱ་འཁོར་བའི་སྔ་ནུབ་ཏུ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་Scott Perry ལགས་ཀྱིས་བོད་རང་བཙན་ཞེས་པའི་ཁྲིམས་འཆར་ཞིག་གྲོས་ཚོགས་ནང་ངོ་སྤྲོད་གནང་ཡོད་པ་རེད།
ཁྲིམས་འཆར་དེའི་མིང་རྒྱས་པ་ནི། བོད་བཙན་དབང་གི་ཐོག་ནས་དབང་བསྒྱུར་བྱེད་བཞིན་པར་དངོས་ཤུགས་གཉིས་ཀྱི་ཐོག་ནས་ཤེས་བཞིན་དུ་འགན་དཀྲི་ཡོད་པ་དང་། ཡང་ན་དེར་རྒྱབ་སྐྱོར་བྱེད་མཁན་དག་ལ་ཉེས་ཆད་འགེལ་ཐབས་ཀྱི་ཁྲིམས་འཆར་ཞེས་པ་ཡིན་པ་རེད།
ཁྲིམས་འཆར་དེའི་མཐའ་མའི་ཟིན་བྲིས་ཞིག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལག་སོན་བྱུང་བའི་ནང་། ༡༩༩༦ ལོར་ཨ་རིའི་ཕྱི་ཚོང་ནང་འདྲེན་དངུལ་ཁང་གི་ཁྲིམས་ཡིག་ཁ་སྣོན་གྱི་ཁྲིམས་ཡིག་ནང་བོད་དེ་རྒྱ་ནག་མི་དམངས་སྤྱི་འཐུན་རྒྱལ་ཁབ་དང་ཐ་དད་པའི་ཡུལ་གྲུ་ཞིག་ཡིན་པ་བཀོད་ཡོད་པ་དང་། ཡང་ཨ་རིའི་རྩིས་ལོ་ ༡༩༩༢ དང་ ༡༩༩༣ གྱི་ཕྱི་སྲིད་འབྲེལ་ལམ་ཁྲིམས་ཡིག་ནང་བོད་འདི་བཙན་དབང་གིས་དབང་བསྒྱུར་བྱས་པའི་ཡུལ་གྲུ་ཞིག་ཏུ་ཨ་རིའི་གྲོས་ཚོགས་ཀྱི་ངོས་འཛིན་ཐོག རྒྱ་ནག་གིས་བོད་དབང་བསྒྱུར་བྱེད་བཞིན་པ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐོག་ནས་ཁྲིམས་འགལ་ཡིན་པར་ངོས་འཛིན་གནང་ཡོད་པ་སོགས་ལུང་འདྲེན་གནང་སྟེ། ཨ་རིའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་༡༩༥༡ ལོར་ཁྲིམས་འགལ་གྱིས་བོད་ནང་བཙན་འཛུལ་མ་བྱས་སྔོན་བོད་རང་བཙན་ཡིན་པ་ཨ་རིའི་གྲོས་ཚོགས་ཀྱི་ཚོར་བ་བཏོན་དགོས་པ་དང་། དེ་ཡང་རྒྱ་ནག་གིས་མིང་བཏགས་པའི་བོད་ཟེར་བའི་ས་ཁུལ་ཙམ་མིན་པར་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་ཡོངས་རྫོགས་ཚུད་པར་ངོས་འཛིན་བྱེད་དགོས་པ་ཞེས་གསལ་འདུག་པའི་ཁར།
བཙན་བྱོལ་མང་གཙོའི་ལམ་ནས་འོས་འདེམས་ཞུས་པའི་བོད་ཀྱི་སྲིད་གཞུང་ངམ། དབུས་བོད་མིའི་སྒྲིག་འཛུག་དེ་བོད་ཀྱི་ཁྲིམས་མཐུན་གྱི་གཞུང་གཅིག་པུ་དེ་ཡིན་པར་ངོས་ལེན་དགོས་པ་དང་། ཨ་རིའི་སྲིད་འཛིན་ནས་ཀྱང་དེ་དོན་ངོས་ལེན་གནང་པའི་ཐོག་ཨ་རིའི་སྲིད་འཛིན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཐོག་སྲིད་སྐྱོང་མཆོག་ཁྲིམས་འཆར་དེ་གཏན་འབེབས་བྱས་པའི་ལོ་གཅིག་ནང་ཚུད་ཨ་རི་ལ་གཞུང་འབྲེལ་རྒྱལ་དོན་འཚམས་གཟིགས་ཤིག་གི་ཆེད་དུ་གདན་ཞུ་དགོས་པ་ཞེས་གསལ་འདུག
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Scott Perry ལགས་ཀྱིས་སྔ་ལོ་ཡང་བོད་རང་སྐྱོང་ལྗོངས་འདི་རང་བཙན་གྱི་རྒྱལ་ཁབ་ཞིག་ཏུ་ངོས་ལེན་དགོས་པའི་གྲོས་འཆར་ཞིག་བཏོན་ཡོད་པ་རེད། འོན་ཀྱང་གྲོས་འཆར་དེའི་ཐོག་ཨ་རིའི་གྲོས་ཚོགས་ནང་བགྲོ་གླེང་བྱུང་མེད་ལ། དེའི་ཐོག་འོས་བསྡུ་ཡང་བྱུང་མེད་པ་རེད། ཨ་རིའི་གྲོས་ཚོགས་ཀྱི་འགྲོ་ལུགས་ནང་གྲོས་འཆར་དང་ཁྲིམས་འཆར་མི་འདྲ་བ་མང་པོ་ཞིག་ཡོད་ཅིང་། གྲོས་ཚོགས་ཀྱི་ཚོར་སྣང་བཏོན་པའི་གྲོས་ཆོད་དེ་རིགས་ལ་འཐུས་མི་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་ཀྱང་རྒྱལ་ཁབ་ཀྱི་ལག་བསྟར་ཁྲིམས་ཡིག་ཆགས་ཀྱི་མེད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནས་འཐུས་མི་སྐུ་ཞབས་ Perry འི་ལས་ཁུངས་སུ་འབྲེལ་བ་ཞུས་པར། འབྲེལ་མཐུད་འགན་འཛིན་ Jay Ostrich ལགས་བརྒྱུད་སྐུ་ཞབས་ Perry ཡིས། རྒྱ་ནག་དམར་ཤོག་ཚོགས་པས་བོད་འདི་ལོ་ངོ་བདུན་བཅུའི་རིང་ཁྲིམས་འགལ་གྱི་བཙན་བཟུང་མུ་འཐུད་བྱེད་བཞིན་པར་གདོང་ལེན་ཁ་གསལ་ཞིག་བྱེད་རྒྱུའི་དུས་ལ་སླེབས་ཟིན་པ་ཞིག་རེད་ཅེས་དང་། ད་ཆ་ལོ་ངོ་བཅུ་ཕྲག་མང་པོ་སོང་ཟིན་པའི་རྗེས་ང་ཚོས་བོད་མི་ཚོའི་ལུང་པ་དེ་བོད་མི་ཚོར་བདག་པའི་རྒྱབ་སྐྱོར་དགོས་ཤིང་། ཨ་མི་རི་ཀའི་ངོས་ནས་རང་བཙན་ངོས་ལེན་བྱེད་པ་ནི་ངེས་པར་དུ་འོས་ཤིང་མཚམས་པ་ཞིག་རེད་ཅེས་བཀའ་ལན་གནང་འདུག
གྲོས་ཚོགས་འོག་མའི་ནང་བོད་རང་བཙན་གྱི་ཁྲིམས་འཆར་དེ་འདོན་རྒྱུའི་ཐད་ཨ་བོད་མཛའ་འབྲེལ་ཚོགས་པ་གཙོས་ཨ་རིའི་ནང་གི་བོད་དོན་ཚོགས་པ་ཁག་ཅིག་མཉམ་རུབ་ཀྱིས་ནུས་པ་མཉམ་སྤུངས་བྱས་པ་ཞིག་ཡིན་སྐོར་འབྲེལ་ཡོད་མིང་བརྗོད་འདོད་མེད་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། །