བཞུགས་སྒར་རྡ་རམ་ས་ལར་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་བགྲོ་གླེང་ཐེངས་བརྒྱད་པ་འཚོགས་བཞིན་པ།

སྤྱི་ཟླ་༡༠ པའི་ཚེས་༢༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོངས་སུ་བོད་ཀྱི་དཔེ་མཛོད་ཁང་གི་གཙོ་འགན་བཞེས་པའི་ཐོག་རྒྱལ་ཁབ་ཕྱི་ནང་གི་ཚན་རིག་པ་དང་ནང་པའི་མཁས་དབང་ཚོ་ལྷན་ཞུགས་ཀྱིས་(སྣང་ཚུལ་དང་གནས་ཚུལ་)ཞེས་པའི་བརྗོད་གཞིའི་ཐོག་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་བགྲོ་གླེང་ཐེངས་བརྒྱད་པ་དེ་བཞིན་བསྐོང་ཚོགས་གནང་ཞིང་། བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་བགྲོ་གླེང་དང་འབྲེལ་བའི་གསུང་བཤད་གནང་བའི་ནང་། ནང་པ་དང་ཚན་རིག་དབར་གྱི་བགྲོ་གླེང་གི་ལས་གཞི་འདི་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་མཛད་འཕྲིན་གྱི་ཆ་ཤས་ཤིག་ཡིན་ཞིང་། དེར་མ་འོངས་པའི་འཛམ་གླིང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐུབ་པའི་ནུས་པ་ཡང་ཡོད་པ་གསུངས་ཤིང་། དངོས་པོའི་གནས་ལུགས་བཤད་པའི་སྐབས་རང་ངོས་ནས་བརྟག་དཔྱད་མ་བྱས་པར་ཆག་བཞག་སྟེ་ཕྱིན་པ་ཡིན་ན། རྨོངས་དད་ཀྱི་གནས་སུ་འགྱུར་རྒྱུའི་ཉེས་ཁག་ཡོད་པའི་སྐོར་ནུབ་ཕྱོགས་ཀྱི་ཚན་རིག་པ་གྲགས་ཅན་འཕེལ་འགྱུར་རིག་པ་སྨྲ་བ་Charles Darwin གྱི་འགྲོ་བ་མིའི་འཕེལ་འགྱུར་རིག་པའི་རྣམ་བཞག་དང་འབྲེལ་ནས་འགྲེལ་བརྗོད་གནང་སོང་།
སྤྱིར་གཞི་བདེན་པ་གཉིས་ཀྱི་གནས་ལུགས་སྐོར་ནང་པ་སངས་རྒྱས་པ་ཚོས་མི་ལོ་ཉིས་སྟོང་ལྷག་གི་རིང་སྣང་ཚུལ་དང་གནས་ཚུལ་གྱི་འགལ་སྣང་དང་དེ་ལས་བྱུང་བའི་ལོག་རྟོག་སྐོར་བགྲོ་གླེང་བྱས་དང་བྱེད་མུས་ཡིན་ལ། དེང་གི་ཚན་རིག་པའི་ཁྲོད། དངོས་པའི་གནས་ལུགས་ཐོག་འཛིན་པའི་ལྟ་ཚུལ་མང་པོ་ཞིག་ལ་བསྒྱུར་བཅོས་གཏོང་བཞིན་ཡོད་པ་མ་ཟད། དབང་རྩ་ཚན་རིག་ནང་ལ་ཡང་སེམས་ཀྱི་རང་བཞིན་དང་དེས་ཡུལ་འཛིན་ཚུལ་ཐད་གནས་ཚུལ་མང་པོ་ཞིག་གསར་རྙེད་བྱུང་དང་འབྱུང་མུས་ཡིན་པ་རེད། མདོར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ངོ་བཅུ་ཕྲག་གསུམ་ལྷག་བརྒལ་བའི་རིང་དེང་གི་ཚན་རིག་པ་དང་བཀའ་བསྡུར་བགྲོ་གླེང་གནང་བའི་རྗེས་འབྲས་སུ། ཚན་རིག་དང་ཆོས་གཉིས་མཐུན་ཐབས་མེད་པའི་ལྟ་ཚུལ་དེ་ལའང་འགྱུར་བ་ཤུགས་ཆེར་འགྲོ་བཞིན་ཡོད་པ་རེད།
ནང་པའི་ཉམས་ཞིབ་པ་མཁས་དབང་Harsha Nagaraju ལགས་ཀྱིས། གནའ་བོའི་རྒྱ་གར་གྱི་ལྟ་གྲུབ་ནང་བཤད་པའི་ཚད་མ་དང་མངོན་སུམ་སྐོར་བགློ་གླེང་ཐོག་གསུང་བཤད་གནང་གི་ཡོད་འདུག ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། སྣང་ཚུལ་དང་གནས་ཚུལ་ཐོག་ཚན་རིག་དང་ནང་པའི་དབར་གྱི་ལྟ་ཚུལ་ཐད་གསུངས་ན། ཚན་རིག་པས་ཕྱིའི་དངོས་པོ་ཐོག་བརྟག་དཔྱད་ཞིབ་ཚགས་བྱས་ཡོད་ཀྱང་། ནང་སེམས་ཀྱི་སྐོར་ནང་པའི་གཞུང་ལུགས་དེ་ཧ་ཅང་གི་གཏིང་ཟབ་པ་དང་རྒྱ་ཆེ་བ་འདུག དེར་བརྟེན། དེང་གི་ཚན་རིག་པ་ཚོས་ཚད་རྡུལ་དངོས་ཁམས་དང་སེམས་ཀྱི་རྣམ་བཞག་སྐོར་དོ་སྣང་སླེབས་ཏེ། འགྲེལ་བརྗོད་བྱེད་བཞིན་པ་དེ་། གནའ་སྔ་མོ་ནས་ནང་པའི་མཁས་པ་ཚོས་དཔྱད་པ་བྱས་ཏེ་འགྲེལ་བརྗོད་བྱས་ཟིན་ཡོད་བརྗོད་གནང་བྱུང་།
ཡང་བགྲོ་གླེང་གི་དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ཀྱིས། འདི་ལྟ་བུའི་བགྲོ་གླེང་གོ་སྒྲོག་གནང་མཁན་ཚོར་བསྔགས་བརྗོད་དང་སྦྲགས། ད་སྐབས་ཕྱིའི་དངོས་པོ་ཡར་རྒྱས་དང་འབྲེལ་བའི་ཚན་རིག་གཅིག་པུས་སྤྱི་སྒེར་ཚང་མར་དོན་དམ་གྱི་བདེ་སྐྱིད་སྐྲུན་ཐུབ་ཀྱི་མེད་པ་གསུངས་ཏེ། འགྲོ་བ་མིའི་ཀུན་སྤྱོད་བཟང་པོ་དང་རིན་ཐང་གཉིས་གཙོ་བཟུང་གིས་གོང་འཕེལ་གཏོང་དགོས་གལ་ཆེ་བའི་སྐོར་གསུངས་ཡོད་པ་རེད།
ཡང་ཨ་མི་རི་ཀར་རྟེན་གཞི་བྱས་པའི་དགེ་འདུན་པའི་ཆེད་དུ་ཚན་རིག་ཞེས་པའི་ཚོགས་པའི་འགན་འཛིན་ཀརྨ་ཐུབ་བསྟན་ལགས་ཀྱིས། ཚོགས་པ་དེའི་དམིགས་ཡུལ་གཙོ་བོ་ནི་བོད་པའི་དགོན་སྡེ་ཁག་ནང་། ཚན་རིག་སློབ་ཁྲིད་བྱེད་རྒྱུ་དང་། ནང་ཆོས་དང་ཚན་རིག་དབར་གྱི་བགྲོ་གླེང་གོ་སྒྲོག་གིས། ད་ལྟའི་ཆརལས་གཞི་མི་འདྲ་བ་དགུའི་ཐོག་ཕྱག་ལས་མུས་ཡིན་འདུག སྒྲ༽
ཡང་ཇོ་ནང་དུས་འཁོར་གྲྭ་ཚང་གི་དགེ་བཤེས་ཀུན་དགའ་ལྷུན་གྲུབ་ལགས་ནི། དེ་སྔོན་ནང་པ་དང་ཚན་རིག་དབར་གྱི་བགྲོ་གླེང་ཁག་ནང་མཉམ་ཞུགས་ཐེངས་ཁག་ཤས་གནང་མྱོང་འདུག་ཀྱང་། སྣང་ཚུལ་དང་གནས་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་ལྷན་ཞུགས་གནང་བར་ཐེངས་དང་པོ་ཡིན་འདུག་པ་མ་ཟད། བརྗོད་གཞི་འདི་ནི་ང་ཚོའི་ཉིན་རེར་འཚོ་བ་་དང་དམིགས་བསལ་འབྲེལ་བ་ཡོད་པ་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་ད་རེས་བགྲོ་གླེང་ཐོག་California གཙུག་ལག་སློབ་ཆེན་གྱི་སློབ་དཔོན་David Presti ལགས་ཀྱིས། དབང་རྩ་ཚན་རིག་དང་སྣང་ཚུལ། རྣམ་ཤེས་བཅས་ཀྱི་ཐོག་གསུང་བཤད་གནང་གི་ཡོད་པ་དང་། Ashoka སློབ་ཆེན་གྱི་སློབ་དཔོན་Kranti Saran ལགས་ཀྱིས། སྣང་ཚུལ་དང་གནས་ཚུལ་དཔྱད་བསྡུར་བྱས་པའི་དགོས་དམིགས་། ནང་པའི་མཁས་པ་དགེ་བཤེས་བློ་གྲོས་བཟང་པོ་ལགས་ཀྱིས། བློའི་འཛིན་ཚུལ་དང་གནས་ལུགས་བར་གྱི་ཁྱད་པར་ཐད་ནང་པའི་ལྟ་ཚུལ། དགེ་བཤད་ལྷག་རྡོར་ལགས་ཀྱིས། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞིའི་སྐོར། དགེ་བཤེས་ཐབས་མཁས་བློ་གྲོས་ལགས་ཀྱིས་ཚད་རྡུལ་གྱི་ལྟ་བས་བདག་འཛིན་ཆུང་དུ་གཏོང་ཐུབ་མིན་སྐོར། དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས། སྣང་ཚུལ་དང་གནས་ཚུལ་བར་གྱི་སྟོང་ཆ་སེལ་བ་ནི་ནང་པའི་ལྟ་གྲུབ་ཀྱི་རྨང་གཞི་ཡིན་པའི་སྐོར། དེ་བཞིན་བསྟན་འཛིན་རབ་དགའ་ལགས་ཀྱིས་ཚད་རྡུལ་དངོས་ཁམས་རིག་པའི་སྐོར་བཏང་བཤད་གནང་གི་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།