སྦྲང་ཆར་དུས་དེབ་རྩོམ་རིག་ཁག་གིས་བོད་ཀྱི་དེང་རབས་རྩོམ་རིག་གི་ཆུ་ཚད་དེ་མཚོན་གྱི་ཡོད་པ། དཔྱད་བརྗོད་པས་བརྗོད་འདུག
ཕྱི་ཟླ་༨ཚེས་༡༢ཉིན་ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ། ཕྱི་ལོ་༢༠༡༨ལོ་ནས་༢༠༢༠ལོའི་བར་གྱི་སྦྲང་ཆར་རྩོམ་རིག་དུས་དེབ་སྟེང་བཀོད་པའི་བརྩམ་སྒྲུང་དང་ལྷུག་རྩོམ། སྙན་ངག། དེ་བཞིན་དཔྱད་བརྗོད་བཅས་ཀྱི་སྐབས་བཅུ་བའི་སྦྲང་ཆར་རྩོམ་རིག་བྱ་དགའ་སྤྲོད་པའི་ཚོགས་འདུ་བསྡུས་ཡོད་པ་དང་། ཐེངས་འདིར་བྱ་དགའ་དེ་བརྩམས་སྒྲུང་གསུམ་དང་ལྷུག་རྩོམ་གཅིག། གཞན་ཡང་དཔྱད་བརྗོད་རྩོམ་ཡིག་གཅིག་དང་སྙན་ངག་བརྩམས་ཆོས་གཅིག་བཅས་ལ་ཐོབ་ཡོད་པ་དང་། སྦྲང་ཆར་དུས་དེབ་ཀྱིས་འདས་པའི་ལོ་མང་རིང་བོད་རིགས་རྩོམ་པ་པོ་དང་རྩོམ་རིག་གི་མིག་དཔེར་འོས་པ་ཞིག་ཡིན་པ། བོད་ནང་གི་རྩོམ་པ་པོ་ཞིག་ནས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
འདི་ལོ་བྱ་དགའ་ཐོབ་པའི་རྩོམ་ཡིག་ཁག་ནི་རིག་ལྡན་རྒྱ་མཚོའི་བརྩམས་སྒྲུང་ཐུང་གྲས་ཡིད་ཆེས་དང་རྨ་ཁ། ཚེ་དབང་རྣམ་རྒྱལ་གྱི་བརྩམས་སྒྲུང་ཐུང་གྲས་ཟྭ། གནམ་ལྷ་རྒྱལ་གྱི་བརྩམས་སྒྲུང་ཐུང་གྲས་ཟིན་དེབ་དམར་པོ་བཅས་དང་། གཞན་ཡང་བུ་ཚེ་རིང་རྒན་པའི་ལྷུག་རྩོམ་དྲན་པས་མ་ཟིན་པའི་སྐྱིད་གྲོང་། ལྷ་ལུང་རྒྱལ་གྱི་སྙན་ངག་ཕ་ཡུལ་གྱི་མགྱོགས་བྲིས་དང་། སྦྲང་ཆར་དཔྱད་བརྗོད་བྱ་དགའ་ཐོབ་པའི་བརྩམས་ཆོས་ནི་ར་ས་བསྟན་འཛིན་ཆོས་གྲགས་ཀྱི་བོད་ཀྱི་རྩོམ་རིག་གི་མཐའ་དཔྱོད་ཀྱི་གནས་བབ་དང་མ་འོངས་འཚོལ་ཞིབ་བཅས་ཡིན་འདུག་ལ། ཚོགས་འདུའི་སྟེང་དཔྱད་བརྗོད་པ་དང་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་བདུད་ལྷ་རྒྱལ་ལགས་ནས་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ་པའི་བརྩམས་ཆོས་ཀྱིས་བོད་ཀྱི་དེང་རབས་རྩོམ་རིག་གི་སྡེ་ནས་སྒྱུ་རྩལ་དང་བསམ་བློ་གང་གི་ཆ་ནས་བལྟས་ཀྱང་བོད་ཀྱི་ཆེས་མཐོ་བའི་རྩོམ་རིག་གི་ཆུ་ཚད་དེ་མཚོན་ཡོད་སྐོར་བརྗོད་འདུག
བོད་ཀྱི་རྩོམ་རིག་དུས་དེབ་སྦྲང་ཆར་ནི་ཕྱི་ལོ་༡༩༨༢ལོ་ནས་མགོ་ཚུགས་ཏེ་ཕྱི་ལོ་༡༩༩༤ལོ་ནས་རྩོམ་རིག་བྱ་དགའ་སྤྲོད་མགོ་ཚུགས་ཡོད་པ་དང་། ད་ལྟའི་བར་ལོ་ངོ་༢༨རིང་རྩོམ་རིག་བྱ་དགའ་ཐེངས་༡༠ལ་སྤྲད་ཡོད་འདུག་ལ། སྦྲང་ཆར་དུས་དེབ་མགོ་ཚུགས་ནས་ངོ་ལོ་༤༠རིང་དུས་དེབ་སྟེང་རྩོམ་པ་པོ་༡༢༥༣ལྷག་ནས་བརྩམས་ཆོས་༤༩༡༣སྤེལ་ཡོད་པ་དང་། འདི་ལོའི་སྦྲང་ཆར་རྩོམ་རིག་བྱ་དགའ་སྤྲོད་སྐབས་བོད་ཀྱི་གློག་བརྙན་བཟོ་སྐྲུན་པ་དང་རྩོམ་པ་པོ་པདྨ་ཚེ་བརྟན་ལགས་ནས། ཐེངས་འདིའི་སྦྲང་ཆར་རྩོམ་རིག་བྱ་དགའི་འོས་སྦྱོར་ནང་ཚུད་པའི་བརྩམས་ཆོས་ཀྱི་བརྗོད་བྱ་དག་དེ་སྔ་ལས་སྣ་མང་ཅན་དང་། ནང་དོན་ཡང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཅིང་། རྩོམ་པ་པོ་རྣམས་ཀྱི་མཐོང་རྒྱའང་སྔར་ལས་ཇེ་ཆེ་དང་། མཚོན་ཐབས་ཀྱང་སྔར་ལས་འཛོམས་པོ་བཅས་སུ་གྱུར་ཡོད་པ་མཐོང་བས། བོད་ཀྱི་རྩོམ་རིག་གསར་རྩོམ་ཡང་མཐོ་ཚད་གསར་བ་ཞིག་ཏུ་སླེབས་ཡོད་པར་ངོས་འཛིན་བྱེད་ཆོག་སྐོར་བརྗོད་འདུག
སྦྲང་ཆར་དུས་དེབ་དེ་བཞིན་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་འདོན་སྤེལ་གནང་གི་ཡོད་པ་དང་། ད་ལྟའི་བར་དུས་དེབ་སྤྱིའི་འདོན་ཐེངས་༡༦༣འགྲེམས་སྤེལ་བྱས་ཡོད་པ་དང་། ཕྱི་ལོ་༢༠༠༩ལོར་རྒྱ་ནག་རྒྱལ་ཡོངས་ཕུལ་བྱུང་དུས་དེབ་བཅུའི་ཁྲོད་དུ་བདམས་ཡོད་པ་མ་ཟད། རྒྱ་ནག་རྒྱལ་ཡོངས་ཀྱི་རྩོམ་རིག་བྱ་དགའ་མང་དག་ཅིག་ཐོབ་ཡོད་པ་དང་། སྦྲང་ཆར་དུས་དེབ་ངོ་སྤྲོད་ནང་དུས་དེབ་སྟེང་གཙོ་བོ་མི་རིགས་ཀྱི་སྲོལ་རྒྱུན་དར་སྤེལ་དང་དུས་རབས་གསར་པར་ཁ་ཕྱོགས་ཏེ། རྩོམ་ཡིག་གི་བསམ་བློའི་ཆ་དང་སྒྱུ་རྩལ་གྱི་རིན་ཐང་བཅས་ལ་མཐོང་ཆེན་དང་། བོད་ཀྱི་རྩོམ་རིག་ལས་དོན་སྔར་ལས་འཕེལ་རྒྱས་དང་བོད་མི་རིགས་ཀྱི་རིག་གནས་གོ་རྟོགས་ཇེ་ལེགས་ཇེ་རྒྱས་སུ་གཏོང་རྒྱུ་བཅས་ཡིན་པ་བཀོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།