ལྷ་ས་སྐྱོབ་དགོས་པའི་འབོད་བསྐུལ།
2013.06.27
༄༅། །རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་འདི་བཞིན་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་སུ་བསྒྱུར་ཐབས་ཆེད་དེང་དུས་ཀྱི་ཨར་ལས་འཛུགས་བསྐྲུན་གྱི་ལས་འདྲ་རྒྱ་ཆེ་སྤེལ་གྱི་ཡོད་པ་རེད། དེས་རྐྱེན་པས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ལྷ་ས་གྲོང་ཁྱེར་གྱི་རྣམ་པ་ཉམས་ཉེས་སུ་གཏོང་བཞིན་ཡོད་པ་ལྟར། གནད་དོན་དེ་ UNESCO འམ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་གནའ་ཤུལ་རིག་གནས་གཅེས་སྐྱོང་ལས་ཁུངས་ཀྱིས་ཚོགས་འདུའི་ཐོག་བདག་སྤྲོད་དང་གླེང་སློང་མ་བྱས་པ་དེར་འཛམ་གླིང་ཕྱོགས་གང་ས་ནས་ངོ་རྒོལ་དང་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད། རྒྱལ་ཚོགས་ཀྱི་གནའ་ཤུལ་རིག་གནས་གཅེས་སྐྱོང་ཁང་གི་ཚོགས་འདུ་ཐེངས་༣༧པ་དེ་ ཁ་སང་ཕྱི་ཚེས་༢༦ཉིན་Cambodia ནང་མཇུག་སྒྲིལ་ཡོད་པ་དང་ཚོགས་འདུ་འགོ་འཛུགས་མ་གནང་གོང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཚོགས་པ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་བཞིན་བོད་རང་དབང་ལས་འགུལ་ཚོགས་པ་བཅས་ཀྱིས་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཆེས་དེང་རབས་ཀྱི་འཛུགས་བསྐྲུན་གྱི་ལས་གཞི་སྣེ་མང་སྤེལ་བའི་བརྒྱུད་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ལྷ་ས་གྲོང་ཁྱེར་དེ། ཤུལ་ལྷག་མེད་པར་འགྲོ་ཉེན་ཆེ་བ་དང་། རྒྱལ་ཚོགས་ཀྱི་གནའ་ཤུལ་རིག་གནས་གཅེས་ཁང་ནས་ལྷ་ས་སྲུང་སྐྱོབ་དགོས་པའི་སྐོར་མི་གྲངས་༡༠༠༠༠༠ལྷག་གིས་མཚན་རྟགས་བཀོད་པའི་ཞུ་སྙན་ཕུལ་ཡོད་པ་རེད། ཡིན་ནའང་རྒྱལ་ཚོགས་ཀྱི་གནའ་ཤུལ་རིག་གནས་གཅེས་སྐྱོང་ཁང་གི་ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་ཉམས་ཉེས་ཀྱི་གནད་དོན་གླེང་སློང་གནང་མེད་པ་རེད། སོང་ཙང་ཁ་སང་ཚེས་༢༦ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཚོགས་པ་གཉིས་ཀྱིས་གོ་སྒྲིག་འོག ཕརན་སི་རྒྱལ་ས་པེ་རིས་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་UNESCO གནའ་ཤུལ་རིག་གནས་གཅེས་སྐྱོང་ཁང་ལས་འགུལ་ཨ་མ་དང་། གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་ཡན་ལག་ལས་ཁུངས་མདུན་དུ་ ངོ་རྒོལ་གྱི་འདུ་འཛོམས་གནང་སྟེ། རྒྱལ་ཚོགས་ཀྱི་གནའ་ཤུལ་རིག་གནས་གཅེས་སྐྱོང་ཁང་ནས་ལྷ་ས་གྲོང་ཁྱེར་ནང་འགྱུར་ལྡོག་གི་གནས་སྟངས་ལ་བདག་སྤྲོད་མ་གནང་པ་དེར་ངོ་རྒོལ་གྱི་སྐྱོན་བརྗོད་ཤུགས་ཆེ་གནང་འདུག།