རྟོལ་ཕྲུག་བཞི་ཁྲི་གསུམ་སྟོང་གསུམ་བརྒྱ་ལྷག་སྲོག་བླུ་ཚེ་ཐར་བཏང་འདུག
2017.06.20
བོད་ནང་བོད་མི་ཚོས་རྟོལ་ཕྲུག་ཚེ་ཐར་གྱི་ལས་འགུལ་སྤེལ་ནས་ད་བར་རྟོལ་ཕྲུག་གྲངས་བཞི་ཁྲི་གསུམ་སྟོང་གསུམ་བརྒྱ་ལྷག་སྲོག་བླུ་ཚེ་ཐར་བཏང་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ལོ་ལྟར་མདོ་སྨད་ཕྱོགས་སུ་སྲུང་བརྩི་བྱེད་བཞིན་པའི་བཞི་བའི་སྨྱུང་གནས་དང་། བོད་ཟླའི་ས་ག་ཟླ་བ་སོགས་སུ་གཞན་ཕན་ཀུན་སྣང་ཚོགས་པས་སྣེ་ཁྲིད་ནས་བོད་མི་ཚོས་རྟོལ་ཕྲུག་གི་སྲོག་བླུ་ཚེ་ཐར་བཏང་བའི་ལས་འགུལ་སྤེལ་ནས་ད་བར་ལོ་ངོ་བདུན་ཕྱིན་ཡོད་པའི་རིང་ད་ལོ་བར་བོད་ཁུལ་སྤྱི་ཡོངས་ནས་རྟོལ་ཕྲུག་༤༣༣༠༠་ལྷག་སྲོག་བླུ་ཚེ་ཐར་བཏང་འདུག
འབྲེལ་ཡོད་མི་སྣས་བརྗོད་དོན། མདོ་ལྷོ་ཕྱོགས་ཀྱི་ཀླུ་ཆུ་དང་། ཅོ་ནེ། འབོ་ར། ཨ་མཆོག སྒྱིས་ཚང་དམེ་ཤུལ། རྨ་ཆུ། རྒྱ་མོ་དགོན། བླ་བྲང་། གཙོས། ཟི་ཁྲོན་རྔ་བ། རྒྱལ་རོང་ཚོ་བདུན། མཚོ་སྔོན་ཕྱོགས་ཀྱི་ མགོ་ལོག རྨ་ལྷོ་སོག་རྫོང་སོགས་སུ་རྟོལ་ཕྲུག་ཚེ་ར་གྱི་ལས་འགུལ་ལ་བོད་མི་ཚོས་དོ་སྣང་ཆེན་པོས་སྔར་ལས་ལྷག་པའི་རྒྱབ་སྐྱོར་བྱུང་བ་དང་། ལྷག་དོན་སྲོག་བླུ་ཚེ་ཐར་གྱི་བྱ་འགུལ་ལ་བོད་མིའི་སྤྱི་ཚོགས་ཁྲོད་དོ་སྣང་ཇེ་ཆེར་བྱུང་བས། གཞན་ཕན་ཀུན་སྣང་ཚོགས་པ་ཡང་བོད་ཁུལ་གྱི་ཞིང་ཆེན་གསུམ་ལ་ཁྱབ་ཞིང་། དགོན་སྡེ་ཆེ་ཆུང་༢༠་ལྷག་གི་བླ་གྲ་དང་མང་ཚོགས་ལས་གྲུབ་པའི་ཚོགས་པ་ཞིག་ཏུ་གྱུར་ཡོད་པ་དང་། ད་སྐབས་ཚོགས་མི་༡༢༠་ལྷག་ཡོད་པ་བརྗོད་བྱུང་།
ཚོགས་པ་དེ་ཐོག་མར་སྤྱི་ལོ་༢༠༡༠་ལོར་མདོ་ལྷོ་བསང་ཆུ་རྫོང་ཨ་མཆོག་ཕྱོགས་ནས་ཡིན་པའི་ཨ་ཉི་སྐལ་བཀྲ་ལགས་དང་། ཨ་མཆོག་ལུང་རྟོགས་གཉིས་ཀྱི་གཙོས་བོད་མི་ཁ་ཤས་ཀྱིས་མ་སྐུལ་དང་བླངས་ཀྱིས་འགོ་བཙུགས་པ་དང་། ཡུལ་ཤུལ་ས་འགུལ་གྱི་དོན་རྐྱེན་ཁྲོད་བོད་མི་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་རྗེས་སུ་སྲོག་སྐྱོབ་ཚེ་ཐར་གྱི་ལས་འགུལ་འགོ་བརྩམས་ནས་ད་ཆ་གཞི་རྒྱ་ཆེ་རུ་ཕྱིན་པ་ཡིན་འདུག
སྤྱིར་བོད་ནང་དུ་ཉེ་བའི་ནང་། མཛོ་མོའི་འོ་མའི་ཆེད་དང་། རྟོལ་ཕྲུག་ཉར་ཚགས་དཀའ་བ་སོགས་ལ་བརྟེན་རྟོལ་ཕྲུག་སྐྱེས་པ་དང་གསོད་པའམ། ཡང་ན་སྐྱེས་པའི་རྗེས་བསད་ནས་ཟ་བའམ་གཞན་ལ་བཙོང་བ་སོགས་ཀྱི་གནས་སྟངས་ལོ་རེར་ཕྱུགས་རིགས་གཞན་ལས་མང་བ་དང་ཁྱབ་ཆེ་བ་ཡོད་པ་རེད།
རྟོལ་གོག་གམ་རྟོལ་ཕྲུག་ནི་མཛོ་མོ་དང་གཡག་འདུས་པ་ལས་སྐྱེས་པའི་ཕྱུགས་རིགས་ཡིན་པ་རེད།།
གསར་འགོད་པ་ཀླུ་འབུམ།