༸གོང་ས་མཆོག་མཇལ་རྒྱུ་ནི་སྲིད་འཛིན་གྱི་ཐུགས་འགན་ཡིན་པ།

༸གོང་ས་མཆོག་མཇལ་རྒྱུ་ནི་སྲིད་འཛིན་གྱི་ཐུགས་འགན་ཡིན་པའི་སྐོར་ཕེ་རན་སིའི་སྲིད་འཛིན་སར་ཀོ་ཛི་མཆོག་གིས་གསུངས་པའི་གནས་ཚུལ།

2008.12.08

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་སྙན་གྲགས་ཅན་གྱི་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་དུས་ཕེ་རན་སིའི་སྲིད་འཛིན་གྱི་མཚན་གནས་ཐོག་ནས་མཇལ་འཕྲད་གནང་རྒྱུ་དེ་སྲིད་འཛིན་གྱི་ཐུགས་འགན་ཡིན་པའི་སྐོར་སྲིད་འཛིན་སར་ཀོ་ཛི་མཆོག་གིས་གསུངས་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གིས་ཐབས་ཤེས་འདྲ་མིན་གྱི་ཐོག་ནས་ཕེ་རན་སིའི་སྲིད་འཛིན་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཀྱི་མཛད་འཆར་ཐོག་དོ་ཕོག་གཏང་རྒྱུའི་འབད་བརྩོན་གནང་ཡོད་ཀྱང་འཆར་གཞི་ཡོད་པ་ལྟར་ཕྱི་ཚེས་དྲུག་ཉིན་ཕེ་རན་སིའི་སྲིད་འཛིན་ནི་ཀོ་ལ་སེ་སར་ཀོ་ཛི་མཆོག་གིས་མཇལ་འཕྲད་གྲོས་མོལ་གནང་ཡོད་ཅིང་ཕེ་རན་སིའི་སྲིད་འཛིན་མཆོག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲག་གནང་ནས་ལོ་ངོ་དྲུག་བཅུ་འཁོར་བའི་དུས་ཚིགས་ཀྱི་གསུངས་བཤད་གནང་ཡོད་པ་དང་ཁོང་གིས་གསུངས་བཤད་གནང་དོན་ལ་ཁོང་ཕེ་རན་སི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཡིན་པའི་ཆ་ནས་མི་རིགས་ཀྱི་འབྱུང་ཁུང་དང་སོ་སོའི་ཆོས་ཕྱོགས་གྲུབ་མཐའ་དང་རྩ་དོན་གྱི་འཐབ་རྩོད་གནང་གི་ཡོད་ནའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམས་མཇལ་འཕྲད་གནང་རྒྱུ་དེ་ཐུགས་འགན་ཞིག་ཡིན་པའི་སྐོར་བཀའ་གནང་འདུག ཁོང་གིས་མུ་མཐུད་ནས་གསུངས་དོན་ལ་གལ་ཏེ་ཕེ་རན་སིའི་ཕྱོགས་ནས་འདི་འདྲའི་གཟེངས་སུ་ཐོན་པའི་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམས་ལ་ཆེས་མཐོང་གི་ས་མིག་མ་ཕུལ་བ་ཡིན་ན་ཕེ་རན་སི་རྒྱལ་ཁབ་ཀྱིས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་ལོ་རྒྱུས་ལ་དྲང་པོ་མ་གནང་བ་འཁོད་སྲིད་ཀྱི་རེད་ཅེས་གསུངས་གནང་འདུག རྒྱ་ནག་གི་ངོས་ནས་ཕེ་རན་སི་དང་རྒྱ་ནག་དབར་གྱི་ཚོང་འབྲེལ་དང་ལྷག་དོན་དུ་རྒྱ་ནག་ནང་ཕེ་རན་སིའི་དངོས་ཟོག་རྒྱ་ནག་གི་མི་མང་གིས་ངོ་རྒོལ་གྱི་ཚུལ་དུ་བེད་སྤྱོད་མ་གཏོང་བ་སོགས་ཤུགས་རྐྱེན་ངན་པ་ཡོང་སྲིད་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད་པེ་ཅིང་དུ་ཡོད་པའི་ཕེ་རན་སི་གཞུང་ཚབ་ཆེན་པོ་ཀྱང་རྒྱ་ནག་གི་ཕྱི་སྲིད་ལས་ཁང་དུ་བཀའ་འགུགས་གནང་ནས་ཕེ་རན་སིའི་སྲིད་འཛིན་མཆོག་གིས་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུར་ངོ་རྒོལ་བྱས་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གི་མཉམ་དུ་འབྲེལ་བ་ཡག་པོ་གནང་དགོས་ཀྱང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་གནད་དོན་ཐོག་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དབུ་ཁྲིད་རྣམས་ཀྱིས་ཇར་མ་ནིའི་སྲིད་བློན་ལྕམ་ཨེན་ཇེ་ལ་མར་ཀེལ་མཆོག་གིས་གནང་བ་ལྟར་བཞེངས་ཕྱོགས་བརྟན་པོ་འཛིན་དགོས་པའི་ལམ་སྟོན་གནང་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎