བལ་ཡུལ་གཞུང་དང་མཉམ་བོད་མིའི་གནད་དོན་གླེང་རྒྱུ་ཡིན་འདུག
2014.11.10

ཨ་རིའི་བོད་དོན་དམིཊ་བསལ་འབྲེལ་མཐུད་པ་ལྕམ་Sara Sewallབོད་མིའི་གནད་དོན་ཆེད་བལ་ཡུལ་ལ་འབྱོར་འདུག
དེ་ཡང་ཨ་མི་རི་ཀའི་མི་སེར་ཉེན་སྲུང་དང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་དྲུང་ཆེ་གཞོན་པའི་མཚན་གནས་ཡོད་པ་མ་ཟད། བོད་ཀྱི་གནད་དོན་ཐོག་དམིགས་བསལ་གྱི་འབྲེལ་མཐུད་གནང་བཞིན་པ་ལྕམ་Sara Sewallམཆོག་བལ་ཡུལ་དུ་ཕེབས་འབྱོར་བྱུང་ཡོད་པ་དང་། ཁོང་བལ་ཡུལ་ནང་ཞུགས་རྒྱུན་རིང་བལ་ཡུལ་གྱི་སྲིད་བློན་Sushil Koiralaམཆོག་དང་། ཕྱི་སྲིད་བློན་ཆེན་Mahendra Bahadur Pandyམཆོག་སོགས་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་སྟེ་བལ་ཡུལ་ནང་ཡོད་པའི་བོད་མི་རྣམས་ཀྱི་གནད་དོན་སྐོར་གླེང་སློང་གནང་རྒྱུ་ཡིན་པ་རེད། གཞན་ཡང་ཁོང་གིས་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་གྲུའུ་དང་། སྤོག་རའི་ཁུལ་དུ་ཡོད་པའི་བོད་མིའི་སྡོད་སྒར་ཁག་ཏུ་གཟིགས་སྐོར་ལེགས་པར་གནང་གྲུབ་རྗེས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་ཏེ་འདི་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་རྒྱ་གར་བ་སྐུ་ཞབས་Kailash Satyarthདང་མཇལ་འཕྲད་གནང་རྗེས་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཁག་དང་མཇལ་འཕྲད་གནང་སྟེ་བཙན་བྱོལ་བོད་མིའི་གནད་དོན་སྐོར་བཀའ་མོལ་གནང་རྒྱུ་དང་། ལྷག་པར་དུ་རྒྱ་གར་དང་། བལ་ཡུལ་ནང་དུ་ཡོད་པའི་བཙན་བྱོལ་བོད་མིའི་འཕྲོད་བསྟེན་གྱི་མཐུན་རྐྱེན་ཟབ་ཏུ་གཏོང་ཆེད་ཨ་སྒོར་ས་ཡ་གསུམ་ལྷག་གནང་རྒྱུའི་གསལ་བསྒྲགས་ཀྱང་གནང་རྒྱུ་ཡིན་པ་རེད།
ལྕམ་Sara Sewallམཆོག་གིས་འདི་ལོའི་ཕྱི་ཟླ་གཉིས་པའི་ནང་བོད་དོན་འབྲེལ་མཐུད་པའི་ཐུགས་འགན་བཞེས་མ་ཐག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་མཇལ་འཕྲད་ཞུས་གནང་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོལ།