བཙན་བྱོལ་ནང་གི་གནས་སྟངས་ལ་བོད་ནང་ནས་མིག་དཔེ་ལྟ་ས་ཞིག་ཡོང་ཐུབ་དགོས།
2018.06.29
འཛམ་གླིང་སྤྱི་བསང་ཉིན་མོར་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བཙན་བྱོལ་སྤྱི་ཚོགས་སུ་ཆོལ་གསུམ་ཆིག་སྒྲིལ་ཐད་ནས་བོད་ནང་ནས་མིག་དཔེ་ལྟ་ས་ཞིག་གྱུར་དགོས་ཞེས་གསུངས་གནང་འདུག
དེ་ཡང་ལོ་ལྟར་བོད་ཟླ ༥ ཚེས ༡༥ ཉིན་དེ་འཛམ་གླིང་སྤྱི་བསང་གི་ཉིན་མོར་སྲུང་བརྩི་ཞུ་བཞིན་པ་ལྟར་སྤྱི་ཚེས ༢༨ ཉིན། ཆོལ་གསུམ་ཆིག་སྒྲིལ་ཚོགས་པའི་གོ་སྒྲིག་འོག་བཞུགས་སྒར་ལྷ་རྒྱལ་རིའི་རྟེན་མཁར་མདུན་དུ་འཛམ་གླིང་སྤྱི་བསང་ཉིན་མོ་སྲུང་བརྩིའི་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་ཡོད་པ་དང་། དེ་ཡང་ཁོང་གིས། ང་ཚོ་བོད་གངས་ཅན་ལྗོངས་ལ་དགོས་དབང་གིས་གནས་བདག་དང་། གཞི་བདག་དཀར་ཕྱོགས་སྐྱོང་བ་རྣམས་ཀྱིས་བོད་ཀྱི་གནས་སྟངས་ཉག་ཕྲ་བའི་དུས་ཚོད་དེའི་ཐོག་ལ་ཏན་ཏན་གཟིགས་པ་བློ་ཉེ་པོ་ཡོད་མཁན་ཞིག་རེད་བསམ་གྱི་འདུག དེ་ཡིན་དུས ༧གོང་ས་མཆོག་གིས་བོད་ཀྱི་ཡུལ་ལྷ་གཞི་བདག་དང་། བོད་ཀྱི་གནའ་རབས་ནས་འབྲེལ་བ་ཡོད་པའི་ང་ཚོའི་གཞི་བདག་དེ་ཚོར་དམིགས་བསལ་གྱི་འཕྲིན་བཅོལ་ལྗགས་རྩོམ་གནང་ཡོད། དེ་སྔ་ང་ཚོ་བོད་འདི་ལྷོ་འཛམ་གླིང་དུ་རྒྱ་བོད་ཧོར་གསུམ་ཟེར་བའི་སྟོབས་དང་ནུས་པ་ཆེན་པོ་ཡོད་མོད། འོན་ཀྱང་རྗེས་སུ་རིམ་པས་ཉམས་ནས་ད་ལྟའི་གནས་སྟངས་འདི་འདྲ་ཆགས་ཡོད། ཡིན་ནའང་ང་ཚོས་བཟང་ཕྱོགས་ནས་རེ་བ་བརྒྱབ་ནས་བཙན་བྱོལ་ནང་གི་གནས་སྟངས་ལ་བོད་ནང་ནས་མིག་དཔེ་ལྟ་ས་ཞིག་ཡོང་ཐུབ་པ་བྱེད་དགོས། ང་ཚོ་བོད་ཆོལ་ཁ་གསུམ་སྐྱིད་ན་མཉམ་སྐྱིད་དང་། སྡུག་ན་མཉམ་སྡུག་གི་ཆིག་སྒྲིལ་མཉམ་གནས་བྱེད་དགོས་ཞེས་སོགས་གསུང་བཤད་གནང་འདུག
འཛམ་གླིང་སྤྱི་བསང་ཉིན་མོ་ནི། བོད་གངས་ཅན་ལྗོངས་ལ་མཁན་སློབ་ཆོས་གསུམ་ཞལ་འཛོམས་པའི་སྐབས། བསམ་ཡས་མི་འགྱུར་ལྷུན་གྱིས་འགྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས་ནས། དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་གཞི་བདག་རྣམས་ལ་གཏང་རག་གི་ཆེད་དུ་བསམ་ཡས་ཧད་པོ་རི་རྩེར་བསངས་གསོལ་ཞབས་བརྟན་གནང་བ་དང་དམིགས་སློབ་དཔོན་རིན་པོ་ཆེ་མཆོག་གིས་རྒྱགས་རྔན་ལྷ་བསང་གི་བསངས་མཆོད་བརྩམས་གནང་བའི་ལོ་རྒྱུས་དམིགས་བསལ་བ་དེ་ཟམ་མ་ཆད་པར་རྒྱུན་གནས་སྲུང་བརྩི་ཞུ་བཞིན་ཡོད་པ་རེད།
གསར་འགོད་པ་སྟག་ལྷ་རྒྱལ།