སངས་རྒྱས་བཀྲ་ཤིས་ཀྱིས་བོད་དོན་སྐད་འབོད་རང་ལུས་མེ་བསྲེཊ།
2012.11.28
དེ་ཡང་འདི་གའི་གསར་འགོད་པ་ཚོས་གནས་ཚུལ་བཏང་དོན། ཚེས་ ༢༧ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་ ༡༡ ཡས་མས་སྟེང་བོད་མདོ་སྨད་བླ་བྲང་བསང་ཆུ་རྫོང་བསང་ཁོག་ཞང་ཐོག་ཏུ། རང་ལོ་ ༡༨ ཡིན་པའི་བསང་ཁོག་དངུལ་རྭའི་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་པ་དང་།
གནས་ཚུལ་ལྟར་ན་ཉིན་དེར་ཁོང་གིས་སྦག་སྦག་ཞོན་ནས་བསང་ཁོག་ཞང་ཐོག་ཏུ་སོང་ཡོད་པ་དང་། མེར་བསྲེགས་མ་བཏང་བའི་སྔོན་ལ་ཁོང་གིས་ཕ་སྤུན་གྱི་བུ་སྤུན་ཚེ་བྷེ་ཟེར་བར་ཁ་པར་འབྱོར་ཏེ། “ ཨ་རོགས། ངས་དེ་རིང་བོད་དོན་ཆེད་དུ་རང་ལུས་མེར་བསྲེགས་གཏོང་རྒྱུ་ཡིན” ཞེས་བཤད་འདུག། སྐབས་དེར་ཚེ་བྷེས་ “ཨ་རོགས། ཨ་རོགས། དེ་ལྟར་མ་བྱེད། ཅུང་སྒུག་དང” ཅེས་པ་ཙམ་ལས་བཤད་ཁོམ་མ་བྱུང་བར་ཁ་པར་སྒོ་བརྒྱབ་ཡོད་འདུག དེའི་རྗེས་ཁ་པར་ཅི་ཙམ་བཏང་ཡང་ཁ་པར་སྒོ་གཏན་ཏུ་བརྒྱབ་ཡོད་འདུག
དེ་ནས་ནང་མི་ཚོ་གང་མགྱོགས་བསང་ཁག་ཞང་ཐོག་ཏུ་ཕྱིན་སྐབས། སངས་རྒྱས་བཀྲ་ཤིས་ལགས་ཀྱིས་སྐུ་ལུས་མེར་བསྲེགས་བཏང་ཚར་ཡོད་འདུག་ལ། ཉེ་འཁོར་གྱི་མི་ཚོས་བརྗོད་ན། མེར་བསྲེགས་སྐབས་ཁོང་གིས་ “༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ༸པཎ་ཆེན་སྣང་བ་མཐའ་ཡས་གཙོ་བྱས་པའི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་གཏོང་དགོས་ཞེས་སྐད་འབོད་གནང་ཡོད་འདུག དེ་ནས་ཉེ་འཁོར་གྱི་མི་ཚོ་དང་ལྷན་དུ་ཁོང་གི་སྐུ་ཕུང་བསང་ཁོག་ཞང་ཐོག་ཏུ་ཁོང་ཚང་ལ་ཁང་པ་གསར་པ་ཞིག་ཡོད་པ་དེར་གདན་ཞུ་གནང་ཡོད་འདུག
དེ་ལྟར་སངས་རྒྱས་བཀྲ་ཤིས་ལགས་ཀྱི་ཕ་མིང་ལ་ནམ་ཁོ་ཟེར་གྱི་ཡོད་པ་དང་། ཁོང་ལ་སྤུན་མཆེད་ ༤ ཡོད་འདུག དེ་སྔོན་ཁོང་བསང་ཁོག་སློབ་ཆུང་ནང་ལོ་བཞི་ཙམ་རིང་སློབ་གཉེར་གནང་ཡོད་ཀྱང་གནས་སྟངས་ཀྱི་དབང་གིས་རྗེས་སུ་ཁྱིམ་དུ་ལོག་སྟེ་ཕྱུགས་རྫི་བྱས་ཏེ་སྡོད་དགོས་བྱུང་ཡོད་འདུག ཁོང་ནམ་རྒྱུན་ཕ་མའི་ཁ་ལ་ཉན་པོ་བྱེད་མཁན་གྱི་བུ་ཡ་རབས་སྤྱོད་བཟང་ཞིག་ཡིན་འདུག