གསང་བདག་ཚེ་རིང་གིས་རང་ལུས་མེར་བསྲེགས་འདུག

རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ཡོད་པའི་གནས་ཚུལ།

2012.11.18

༄༅།།ཕྱི་ཟླ་༡༡ཚེས་༡༧རེས་གཟའ་སྤེན་པའི་ཕྱི་དྲོ་བོད་མདོ་སྨད་རེབ་གོང་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་སྲིད་གཞུང་ཡོད་སར་གསང་བདག་ཚེ་རིང་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་འདུག
དེ་ཉིན་དགོང་དྲོ་བོད་ནང་གི་ཆུ་ཚོད་༧ཙམ་ལ། རེབ་གོང་མགོན་ཤུལ་ནས་ཡིན་པ་རང་ལོ་ ༢༤ གསང་བདག་ཚེ་རིང་ལགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྐབས་རྒྱ་གཞུང་གི་སོ་མྱུལ་མི་སྣས་ཁོང་གི་ལུས་སྟེང་དུ་ཆུ་བྱོ་སྟེ་མེ་གསོད་ཐབས་བྱས་ཡོད་ཀྱང་མ་ཕན་པར་སྐུ་གྲོངས་ཡོད་འདུག། བོད་ཀྱི་དུབ་བབ་ཀྱིས་བོད་གནས་ཚུལ་བཏང་འབྱོར་ལུང་འདྲེན་བྱས་པར་གཞིགས་ན། དེ་ཉིན་དྲོ་རྡོ་དཀར་མོ་སྲིད་གཞུང་གིས་ཚོགས་འདུ་ཆེན་པོ་ཞིག་བསྐོངས་ནས་། མེར་བསྲེགས་གཏོང་མཁན་རྣམས་ཀྱི་ནང་མིར་སེམས་གསོ་དང་འཚམས་འདྲིར་འགྲོ་མི་ཆོག་པ་དང་། དགོན་པར་སུ་ཞིག་སོང་ཚེ་སྒོ་རྒྱག་གི་ཡིན་ཞེས་བཙན་བཀའ་བསྒྲགས་བྱས་པའི་ཉིན་དེའི་་ཕྱི་དྲོ་གསང་བདག་ཚེ་རིང་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་གྲོངས་ཡོད་འདུག སྐབས་དེར་མགོན་ཤུལ་རྡོ་རྗེ་རྫོང་དགོན་པའི་དགེ་འདུན་པ་རྣམས་དང་།

གསང་སྔགས་སྨིན་གྲོལ་གླིང་གི་སྔགས་པ་རྣམས་གཙོས་རེབ་གོང་མགོན་ཤུལ་གྱི་བླ་སྔགས་ཡོངས་དང་མགོན་ཤུལ་ཚོ་སྟེང་བཅུའི་མི་མང་། འདབས་འབྲེལ་དཔྱི་ས་དང་མགར་རྩེ་འབྲོག་སྡེ་སོགས་ཀྱི་མི་མང་བཅས་སྐྱ་སེར་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་ཁོང་གི་སྐུ་ཕུང་ཞུགས་འབུལ་བྱས་ཡོད་འདུག  གསང་བདག་ཚེ་རིང་ལགས་ནི་རེབ་གོང་རྩེ་ཁོག་མགོན་ཤུལ་སྒར་བ་རུ་ཁག་བརྒྱད་པ་ནས་ཡིན་པ་དང་། ཕའི་མིང་ལ་ཆོས་དབྱིངས་ལོ་ ༥༡ དང་། མའི་མིང་ལ་སྨན་བླ་འཚོ་ལོ་ ༤༩ ། སྲིང་མོ་གཅིག་ཡོད་པའི་མིང་ལ་ཚེ་དབྱངས་སྐྱིད་ལོ་ ༢༩ ཡིན་འདུག ཁོང་གི་བཟའ་ཟླའི་མིང་ལ་རྟ་མགྲིན་འཚོ་ལོ་ ༢༤ ཡིན་པ་དང་། ཁོང་གཉིས་ལ་བུ་གཅིག་ཡོད་པའི་མིང་ལ་འདན་སྐྱབས་ཟེར་ཞིང་ལོ་ ༣ ཡིན་འདུག སྡེ་བའི་ནང་ཁོང་གི་བཟའ་ཟླ་རྟ་མགྲིན་འཚོའི་མིང་ལ་འཕགས་མོ་འཚོ་ཞེས་ཀྱང་འབོད་ཀྱི་ཡོད་འདུག།  ཁོང་གིས་རྟག་པར་བོད་ལ་རང་དབང་མེད་པ་དང་། ༸རྒྱལ་བོ་རིན་པོ་ཆེ་བོད་ལ་ཕེབས་ཐུབ་ཀྱི་མེད་པ། ༸པཎ་ཆེན་རིན་པོ་ཆེ་བཙོན་ཁང་དུ་ལྷག་ཡོད་པ། བོད་ཀྱི་དཔའ་བོ་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་སྐུ་ལུས་མེར་བསྲེགས་གནང་སྟེ་ཕེབས་ཕྱིན་པ་ཡིན་ན། འཇིག་རྟེན་འདིར་སྡོད་འདུན་མི་འདུག་ལ་བསྡད་ཀྱང་སྙིང་པོ་མི་འདུག་ཅེས་བཟའ་ཟླ་ལ་ཡང་ཡང་བཤད་ཀྱི་ཡོད་སྟབས། བཟའ་ཟླས་དེའི་ཐད་ཇུས་གཏོགས་བྱེད་དགོས་པ་མ་རེད་ཅེས་སེམས་གསོ་ཇི་ལྟར་བཤད་ཀྱང་། ཁོང་གིས་དེའི་སྐོར་ཤ་སྟག་གླེང་ནས་སེམས་སྐྱིད་པོ་མེད་པར་སྡོད་ཀྱི་ཡོད་འདུག། གནས་ཚུལ་ནང་ཐོན་པར་གཞིགས་ན།  དེ་བཞིན། ཉིན་བདུན་བརྒྱད་ཙམ་གྱི་སྔོན་ལ་ཁོང་གི་འདྲ་པར་ཞིག་གི་སྟེང་གྲོགས་པོ་ཞིག་ལ་རྩིས་འཁོར་ནང་། གདོང་དམར་བོད་ཀྱི་རྒྱུད་པ། ། གངས་སེང་དཀར་མོའི་ཚ་བོ། ། གངས་རིའི་ཕོ་རྒོད་རྣམ་པ། ། གངས་དཀར་ལ་རྒྱ་མ་བརྗེད། ། ༢༠༡༢ ལོར་ཞེས་འབྲི་རུ་བཅུག་ཡོད་པ་དང་། ཉིན་གསུམ་གྱི་སྔོན་དེར་སྡེ་བ་ནང་གི་ཕོ་གསར་ཞིག་ལའང་བོད་ལ་རང་དབང་མེད་པ་དང་། ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་མ་ཐུབ། ༸པཎ་ཆེན་རིན་པོ་ཆེའང་བཙོན་ལ་བཅུག་ནས་བཞག་ན་འཇིག་རྟེན་འདིར་བསྡད་ཀྱང་སྙིང་བོ་མི་འདུག་ཅེས་ཁ་བརྡ་བྱས་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎