རྒྱ་གཞུང་གིས་བསམ་འགྲུབ་རྒྱ་མཚོ་སླར་ཡང་འཛིན་བཟུང་བྱས་ཡོད་པ།


2015.10.10
རྒྱ་གཞུང་གིས་བསམ་འགྲུབ་རྒྱ་མཚོ་སླར་ཡང་འཛིན་བཟུང་བྱས་ཡོད་པ། ཆབ་སྲིད་བཙོན་ཟུར་བསམ་འགྲུབ་རྒྱ་མཚོ་ལགས།
གསར་འགོད་པ་ལྕགས་མོ་འཚོ།

༄༅། །འདི་གར་ཕྱི་ལོག་གི་འབྲེལ་ཡོད་མི་སྣས་བརྗོད་ན། ད་ལོའི་སྤྱི་ཟླ་ལྔ་པའི་ནང་རྒྱ་ནག་གི་བཙོན་དུ་ལོ་ལྔ་ཡི་ཁྲིམས་ཆད་ཁུར་ནས། བཙོན་གྲོལ་ཐོབ་པའི་བསམ་འགྲུབ་རྒྱ་མཚོ་ལགས་ད་ལོའི་སྤྱི་ཟླ་དགུ་བའི་ཚེས་གཉིས་སམ་གསུམ་ལ་ཉེན་རྟོག་པས་ཡང་བསྐྱར་འཛིན་བཟུང་བྱས་ནས་། ད་ལྟ་མདའ་བཞི་རྫོང་ལྟ་སྲུང་ཁང་དུ་བཙོན་འཇུག་བྱས་ཡོད་པ་ཤེས་རྟོགས་བྱུང་འདུག འོན་ཀྱང་ནང་མིར་ཐུག་འཕྲད་བྱེད་དུ་འཇུག་གི་མེད་པ་རེད། ཡང་ཁོང་གི་ཕྱི་ལོག་ཏུ་ཡོད་པའི་གཉེན་ཉེ་ཞིག་གིས་གསུངས་པར་གཞིགས་ན། བསམ་འགྲུབ་རྒྱ་མཚོ་ལགས་ད་ལོའི་སྤྱི་ཟླ་ལྔ་བར་ལྷ་སའི་གྲ་བཞི་བཙོན་ཁང་ནས་ལོ་ལྔའི་བཙོན་དུས་རྫོགས་རྗེས། ཉེན་རྟོག་པས་གསང་བའི་ངང་ཕ་ཡུལ་མཚོ་སྔོན་པོའི་མདའ་བཞི་རུ་བསྐྱལ་ཡོད་པ་དང་། ཁོང་བཙོན་གྲོལ་ཐོབ་ནའང་རྫོང་དེའི་ཕྱི་ལོག་ལ་འགྲོ་མི་ཆོག་པར་རང་དབང་གང་ཡང་མེད་པ་ཁོང་གིས་དངོས་སུ་གསུངས་ཡོད་པ་དང་། བར་ལམ་འབྲེལ་བ་བྱུང་མེད་ཀྱང་ཉེ་ལམ་ཁོང་ཟླ་གཅིག་གི་གོང་ཙམ་ལ་རྒྱ་ནག་ཉེན་རྟོག་པས་ཡང་བསྐྱར་འཛིན་བཟུང་བྱས་བ་ཤེས་རྟོགས་བྱུང་ལུགས་གསུངས་འདུག  ཡང་ས་གནས་བོད་མི་ཞིག་གིས་གསུངས་པར་གཞིགས་ན། བསམ་འགྲུབ་རྒྱ་མཚོ་ལགས་ཀྱི་མཁལ་མ་ནད་པ་ཆགས་ཡོད་པས་ནམ་རྒྱུན་སྨན་མཆོད་ཀྱི་ཡོད་པ་དང་།  ཟླ་བ་སྔོན་མའི་ཚེས་མགོར་མཚོ་སྔོན་པོའི་ཤར་ཕྱོགས་ནས་ནུབ་ཕྱོགས་ལ་བསྐྱོད་པའི་ལམ་ཁ་ནས་འཛིན་བཟུང་བྱས་བ་དང་། སྐབས་དེར་ཁོང་གི་ལག་ནས་༼བོད་མི་ས་ཡ་དྲུག་པོ་གཉིད་ལས་སད་དེ་ཡར་ལོངས་ཤོག༽༼གོང་ས་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས༽ཞེས་སོགས་བྲིས་པའི་ཡིག་ཆ་མང་པོ་ཐོན་ཡོད་པ་ལས།  ཡིག་ཆ་བཀྲམ་ཐུབ་ཡོད་མེད་གསལ་པོ་མིན་འདུག ཧ་ལམ་རྒྱ་ནག་བདེ་འཇགས་ལས་ཁུངས་ཀྱི་མི་སྣས་སྔ་མོ་ནས་རྗེས་འདེད་བྱས་བ་ཡིན་པར་གསུངས་འདུག སྤྱི་ལོ་༢༠༡༠ ལོའི་སྤྱི་ཟླ་༥པའི་ཚེས་ ༢ ཉིན་བསམ་འགྲུབ་རྒྱ་མཚོ་ལགས་ཀྱིས་ལྷ་སའི་ལྷ་ལྡན་གཙུག་ལག་ཁང་གི་མདུན་ཐང་དུ་རྒྱབ་ལ་རྒྱལ་དར་གྱོན་ཏེ་༼རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མྱུར་དུ་གློད་གྲོལ་གཏོང་དགོས། རྒྱ་ནག་གིས་ཐེངས་འདིའི་སྐྱེ་རྒུ་མདོའི་ས་འགུལ་གོད་ཆག་བྱུང་ཡུལ་ནས་བོད་མི་མང་པོ་ཞིག་ཕྱིར་ཕུད་བཏང་བ་དེ་དག་ལ་ས་གནས་ས་ཐོག་ཏུ་ངོ་བསྐྱོད་ཀྱིས་རོགས་སྐྱོར་བྱེད་དུ་འཇུག་དགོས་༽ཞེས་ངོ་རྒོལ་སྐད་འབོད་བྱེད་སྐབས་ཉེན་རྟོག་པས་འཛིན་བཟུང་བྱས་ནས། རྗེས་སུ་ལོ་ལྔའི་བཙོན་འཇུག་ཁྲིམས་ཆད་བཅད་དེ་ལྷ་སའི་གྲ་བཞི་བཙོན་ཁང་དུ་བཅུག་སྟེ། ད་ལོའི་སྤྱི་ཟླ་༥པའི་ནང་བཙོན་དུས་རྫོགས་ནས་ཕྱིར་ཕ་ཡུལ་མཚོ་སྔོན་པོའི་མདའ་བཞི་ལ་བསྐྱལ་བ་ཡིན་པ་རེད༎

གསར་འགོད་པ་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎