བཀའ་ཁྲི་མཆོག་གིས་སྤྱི་འཐུས་ཀྱི་འོས་གཞི་ནས་ཕྱིར་འཐེན།

ཟམ་གདོང་རིན་པོ་མཆོག་གིས་སྤྱི་འཐུས་ཀྱི་འོས་གཞིའི་ཁོངས་ནས་མཚན་གཞུང་ཕྱིར་འཐེན་གནང་སྟེ་འོས་བསྡུའི་ནང་ཞུགས་རྒྱུ་མིན་པའི་སྐོར།

2010.11.17

༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་མཆོག་གིས་རིང་མིན་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་འོས་བསྡུའི་སྐབས་འོས་གཞིའི་ཁོངས་ནས་མཚན་གཞུང་ཕྱིར་འཐེན་གནང་སྟེ་འོས་བསྡུའི་ནང་ཞུགས་རྒྱུ་མིན་པའི་སྐོར་གནས་ཚུལ་ཐོན་འདུག

ཟླ་བ་འདིའི་ཚེས་༡༢ཉིན་བཞུགས་སྒར་རྡ་རམ་ས་ལར་དབུས་འོས་བསྡུ་ལས་ཁང་ནས་བཙན་བྱོལ་བོད་གཞུང་གི་སྐབས་༣པའི་བཀའ་བློན་ཁྲི་པ་དང་སྐབས་༡༥པའི་བོད་མི་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པ་རེད་ བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཁྲིའི་ལས་དུས་ཐེངས་གཉིས་གནང་ཡོད་སྟབས་ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་ལྟར་ཐེངས་གསུམ་པ་གནང་ཆོག་གི་མེད་ནའང་སྤྱི་འཐུས་ཀྱི་འོས་བསྡུའི་ནང་ཞུགས་ཆོག་པ་མ་ཟད་སྐབས་༡༥པའི་སྤྱི་འཐུས་ཀྱི་འོས་བསྡུའི་སྐབས་རྩེ་ཏོག་འོས་གཞིའི་ནང་འདེམས་ཐོན་ཡོང་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་ཀྱང་དབུས་འོས་བསྡུ་ལས་ཁང་གིས་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་སྐབས་ སྤྱི་འཐུས་ཀྱི་འོས་གཞིའི་ཁོངས་སུ་རིན་པོ་མཆོག་གི་མཚན་གསལ་བསྒྲགས་གནང་མེད་པ་རེད་

ད་རེས་གནས་ཚུལ་ནང་གསལ་ལྟར་ན་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་མ་གནང་གོང་ འོས་མི་སུ་ཞིག་སྤྱི་འཐུས་ཀྱི་འོས་ཁོངས་ཆོས་བརྒྱུད་དང་ཆོལ་ཁ་གཉིས་ཀ་དང་ཡང་ན་སྤྱི་འཐུས་དང་བཀའ་ཁྲི་གཉིས་ཀའི་ནང་ འོས་ཤོག་སླེབ་ཡོད་ཚེ་དོ་བདག་འོས་མི་སོ་སོར་འོས་ཁོངས་གང་དུ་ཞུགས་རྒྱུ་ཡིན་མིན་བཀའ་འདྲི་ཞུས་རྗེས་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པ་རེད་ གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་ནང་བཀའ་ཁྲི་ཟམ་གདོང་རིན་པོ་མཆོག་ལ་མདོ་སྟོད་སྤྱི་འཐུས་ཀྱི་རྩེ་ཏོག་ཨང་གཉིས་པ་འོས་གྲངས་༦༤༠༠ལྷག་དང་ དགེ་ལུགས་སྤྱི་འཐུས་ནང་རྩེ་ཏོག་ཨང་དང་པོར་འོས་གྲངས་༣༠༠༠ལྷག་ཟིན་ཡོད་པ་རེད་ ཡིན་ཡང་དབུས་འོས་བསྡུ་ལས་ཁང་ནས་བཀའ་ཁྲི་མཆོག་ལ་འོས་ཁོངས་སུ་ཞུགས་ཕྱོགས་ཐད་བཀའ་འདྲི་ཞུ་སྐབས་ རིན་པོ་མཆོག་ནས་ཆོལ་ཁ་དང་ཆོས་བརྒྱུད་གཉིས་ཀའི་འོས་ཁོངས་སུ་ཞུགས་རྒྱུ་མིན་པར་འོས་གཞི་ཁོངས་ནས་ཕྱིར་འཐེན་གནང་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎