ཆོས་བརྒྱུད་ཁག་འཆམ་མཐུན་དང་ཆོལ་ཁ་གསུམ་ཆིག་སྒྲིལ།
2014.06.30
ཕྱི་རྒྱལ་དུ་གནས་སྡོད་བོད་མི་ཚོ་འཕྲལ་སེལ་འཚོ་བ་ཙམ་ལ་མགོ་འཁོར་ནས་མ་སྡོད་རོགས་ཅེས་ས་སྐྱ་གོང་མ་རིན་པོ་ཆེས་གསུངས་འདུག
དེ་ཡང་དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་དེང་སྐབས་ཡོ་རོབ་ཁུལ་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་པ་ལྟར། ཕ་རན་སིའི་བརྩེ་ཆེན་ཆོས་ཚོཊ་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ཚེས་༢༩་ཉིན་Robespierreཞེས་པའི་ས་གནས་ཚོགས་ཁང་ནང་བོད་མི་དང་། ས་གནས་ཡུལ་མི་ཆིག་སྟོང་ལྷག་ལ་འཆི་མེད་ཚེ་ཡི་བཀའ་དབང་སྩལ་སྐབས་ཕ་རན་སིའི་བོད་གཞུང་དོན་གཅོད་མཆོག་དང་ཕ་རན་སིའི་བོད་རིགས་ཚོགས་པའི་སྐུ་ཚབ་སོགས་ཀྱིས་མཎཌལ་རྟེན་གསུམ་འདེགས་འབུལ་ཞུས་འདུག ཚེ་དབང་དངོས་གཞི་མ་སྩལ་གོང་། ཕྱི་རྒྱལ་དུ་གནས་སྡོད་བོད་མི་ཚོས་འཕྲལ་སེལ་འཚོ་བ་ཙམ་ལ་མགོ་མ་འཁོར་བར་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ལ་དོ་སྣང་གིས་སོ་སོའི་ཕྲུ་གུ་ཚོར་བོད་པའི་བཟང་པོའི་གོམས་གཤིས་འཇགས་ཐབས་ལ་ཤུགས་སྣོན་དང་། ལྷག་པར་དུ་གཞོན་སྐྱེས་ཚོས་ནུབ་ཕྱོགས་པའི་བཟང་ཕྱོགས་ཀྱི་ཡོན་ཏན་ལ་ཁ་མིག་ཡར་བལྟ་དགོས་རྒྱུ་ལས་ཁོང་ཚོས་ཆང་རག་དང་བཟི་སྨན་འདྲེས་མའི་ཐ་མག་འཐེན་པར་དཔེ་བལྟས་ཏེ་ཞབས་འདྲེན་ཞུས་ན་བོད་པ་སྤྱི་ཡོངས་ཀྱི་མཚན་སྙན་ལ་གནོད་ཚབས་ཆེ་བས་ཡིད་གཟབ་དགོས་པ་དང་། དེང་སྐབས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀྲིན་ལ་བརྟེན་ནས་བོད་པའི་ཆོས་ལུཊ་ཁག་འཆམ་མཐུན་དང་། བོད་ཆོལ་ཁ་གསུམ་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་ཡོད་སྟབས་ད་དུང་མུ་མཐུད་ནས་༧མགོན་པོ་གང་ཉིད་ཀྱི་དགོངས་གཞིའི་འོག་ཤར་བསྐྱོད་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་དང་། ཕྱི་རྒྱལ་དུ་གནས་པའི་བོད་མི་ཚོས་༧གོང་ས་མཆོག་གི་ཞལ་རས་ཡང་ཡང་མཇལ་རྒྱུའི་དུས་ཚོད་རག་གི་མེད་ན་ཡང་སྐབས་དང་དུས་སོ་སོར་བརྙན་འཕྲིན་དང་དྲ་རྒྱ་བརྒྱུད་ནས་༧གོང་ས་མཆོག་གི་བཀའ་སློབ་གསན་རྒྱུར་དོ་སྣང་དགོས་པའི་བཀའ་སློབ་ཀྱང་གནང་འདུག དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་ཕ་རན་སིའི་ནང་ཆོས་འབྲེལ་མཛད་འཕྲིན་ཁག་ལེགས་གྲུབ་ཟིན་པའི་རྗེས་སུ་སུད་སི་དང་བྷེལ་ཇམ་ལ་ཆིབས་བསྒྱུར་བསྐྱངས་ནས་དེ་དེ་བཞིན་གྱི་མཛད་འཕྲིན་བསྐྱང་འཆར་ཡོད་པ་རེད།
གསར་འགོད་པ་བསོད་ནམས་ལྷ་མོ།