གོང་མ་རིན་པོ་ཆེ་ས་སྐྱའི་སྨོན་ལམ་ཚོཊ་མགོན་དུ་ཕེབས་ཐུབ་པ་བྱུང་བ།
2014.12.05
ས་སྐྱ་གོང་མ་རིན་པོ་ཆེ་ས་སྐྱའི་སྨོན་ལམ་གྱི་ཚོགས་མགོན་ལ་ཕེབས་རྒྱུར་རྒྱ་བལ་ས་མཚམས་ནས་དཀའ་རྙོག་ཕྲན་བུ་བྱུང་འདུག
དེ་ཡང་འདི་ག་ལས་ཁང་གིས་དཔལ་ས་སྐྱའི་སྨོན་ལམ་ཚུགས་རྒྱུར་བལ་པོའི་གཞུང་གིས་བཀག་འགོག་བྱས་པའི་གནས་ཚུལ་སྔོན་དུ་བཏང་ཟིན་པར་ཆེད་དུ་ནོར་བཅོས་ཞུ་རྒྱུར། དཔལ་ས་སྐྱ་པའི་སྨོན་ལམ་གདུང་སྲས་རིན་པོ་ཆེ་དབུ་ཞུགས་ཐོག་ཕྱི་ཚེས་༤་ཉིན་དབུ་ཚུགས་གནང་འདུག་པ་མ་ཟད། དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ཀྱང་ཕྱི་ཚེས་༥་ཉིན་གནས་མཆོག་ལུམ་བྷའི་ནེར་ཞབས་སོར་འཁོད་འདུག དཔལ་ས་སྐྱའི་སྨོན་ལམ་ཆེན་མོའི་གནས་ཚུལ་དང་འབྲེལ་བའི་སྐོར་ལ་ས་སྐྱའི་སྨོན་ལ་གོ་བསྒྲིགས་ཚོགས་པའི་དྲུང་ཆེ་ཨ་འདུས་བླ་མ་བསོད་ནམས་རིན་ཆེན་ལགས་སུ་འདི་ག་ལས་ཁང་གིས་བཅར་འདྲི་ཞུས་སྐབས། ས་སྐྱ་གོང་མ་རིན་པོ་ཆེ་ཁ་སང་རྒྱ་གར་དང་བལ་ཡུལ་ས་མཚམས་ནས་དཀའ་རྙོག་ཕྲན་བུ་བྱུང་སྟེ་དུས་རྒྱུན་ནང་བཞིན་སྐབས་འཕྲལ་ཆེད་ཕེབས་ཐུབ་མེད་པ་དེ་ནི། སྤྱིར་བཏང་ཡར་མར་ཕེབས་དུས་རྙོག་དྲ་ཕྲན་བུ་ཡོང་གི་ཡོད་པ་དང་ ། སྟབས་བསྟུན་མ་ཐུབ་པའི་དབང་གིས་གནས་སྐབས་བལ་ཡུལ་གྱི་སྲིད་ཇུས་དང་འབྲེལ་བའི་ཐོག་ནས་ཉིན་གཅིག་ཙམ་དུས་འགྱངས་ཕེབས་མ་ཐུབ་པའི་གནས་ཚུལ་བྱུང་བ་རེད། འོན་ཀྱང་དེ་རིང་ཚེས༥ཉིན་གོང་མ་རིན་པོ་ཆེ་བདེ་བླག་ངང་ལུམ་བྷི་ནེར་ཞབས་སོར་བདེ་འཁོད་བྱུང་བ་དང་སང་ཉིན་ནས་ཚོགས་མགོན་དུ་ཆེད་ཕེབས་མཛད་རྒྱུ་ཡིན་པ་མ་ཟད། མཛད་རིམ་ཇི་སྙེད་ཅིག་བསྐྱང་རྒྱུ་ཡིན་པ་རེད་ཅེས་འགྲེལ་བརྗོད་གནང་སོང་། ཐེངས་འདིའི་ས་སྐྱའི་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་ས་སྐྱ་བདག་ཁྲི་རིན་པོ་ཆེ་དང་གདུང་སྲས་རྣམ་གཉིས། ཕུན་ཚོགས་ཕོ་བྲང་གི་གདུང་སྲས་སོགས་ཞབས་དྲུང་དང་། བླ་སྤྲུལ་དགེ་འདུན་༡༢༠་ཙམ་དང་ དགེ་འདུན་ཞལ་གྲངས་༤༢༠༠་ཙམ་འདུ་འཛོམས་བྱུང་ཡོད་འདུག ད་ལམ་དཔལ་ས་སྐྱའི་སྨོན་ལམ་ཉེར་གསུམ་པའི་མཛད་རིམ་སྙིང་བསྡུས་ཤིག་ས་སྐྱ་སྨོན་ལམ་རྒྱུན་ལས་ནས་གསལ་བསྒྲགས་འཕར་མ་ཞིག་སྤེལ་གནང་འདུག་པའི་ནང༌། ད་ལོའི་སྨོན་ལམ་སྦྱིན་བདག་ཨ་མདོ་རྔ་པའི་ཚོང་པ་རྒྱ་མཚོ་དང་། སྨོན་ལམ་རྒྱུན་ལས་སྐབས་དང་པོ་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྐྱབས་མགོིན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཞལ་སྔ་ནས་དད་ལྡན་འདུས་ཚོགས་ལ་རྡོ་རྗེ་ཕུར་པའི་གཏོར་དབང་དང་། ཚེ་དབང་བཀའ་དྲིན་བསྩལ་བའི་ཞལ་བཞེས་ཐོབ་པ་དང་དེ་མིན་མཛད་རིམ་འབྲེལ་བའི་གསལ་བསྒྲགས་གནང་འདུག
གསར་འགོད་པ་འཇམ་དཔལ་ཕུན་ཚོགས།