ར་ཤེ་ཡ་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འབུད།

2022.04.08
ར་ཤེ་ཡ་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འབུད།
Reuters

ར་ཤེ་ཡ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འབུད་བཏང་བ་དེས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཁག་ལ་བརྡ་ལན་ཁ་གསལ་ཞིག་སྤྲད་ཡོད་པ་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།

རེས་གཟའ་ཕུར་བུའི་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ར་ཤེ་ཡས་ཡུཀ་རེན་རྒྱལ་ཁབ་ལ་བཙན་འཛུལ་བྱས་ཏེ་དམག་འཐབ་སྤེལ་བའི་ཁྲོད་ཞི་བའི་མི་སེར་ཐོག་དམག་འཐབ་ཀྱི་ཁྲིམས་ལུགས་དང་འགལ་འཛོལ་གྱི་བྱ་སྤྱོད་རིམ་པ་སྤེལ་བཞིན་པ་དང་། ལྷག་པར་དུ་ར་ཤེ་ཡའི་དམག་དཔུང་གིས་ཡུཀ་རེན་གྱི་སྦུ་ཆ་ Bucha ས་གནས་སུ་ཞི་བའི་མི་མང་བརྒྱ་ཕྲག་ལྷག་དམར་བསད་བཏང་པའི་གནད་དོན་དང་འབྲེལ་ནས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ ༩༣ གྱིས་ར་ཤེ་ཡང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཁོངས་ནས་གནས་སྐབས་ཕྱིར་འབུད་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད།

རྒྱལ་ཚོགས་ཀྱི་གནད་དོན་སྤྱི་དང་ལྷག་པར་དུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་རིམ་ཐོག་ལྟ་ཞིབ་བྱེད་མཁན་གྱི་ཚོགས་པས་རྒྱལ་ཚོགས་ཀྱི་ཐག་གཅོད་དེས་ར་ཤེ་ཡ་ལྟ་བུའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཁག་ཅིག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་ཞུགས་རྒྱུའི་འོས་བབ་མེད་པའི་བརྡ་ལན་ཁ་གསལ་ཞིག་སྤྲད་ཡོད་པ་གསུངས་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་ཐོག་ནས་ར་ཤེ་ཡ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འབུད་བྱ་རྒྱུར་མང་མོས་ཐག་གཅོད་བྱུང་རྗེས། མཉམ་འབྲེལ་རྒྱལ་ཚོགས་ནང་གི་ར་ཤེ་ཡའི་སྐུ་ཚབ་ Gennady Gatlilov ལགས་ཀྱིས་ར་ཤི་ཡའི་ངོས་ནས་ཕྱི་ཟླ་ ༤ ཚེས་ ༧ ཉིན་གྱི་རྒྱལ་ཚོགས་ཀྱི་ཐག་གཅོད་དེ་ནི་ནུབ་ཕྱོགས་རྒྱལ་ཁབ་ཚོའི་ངན་ཇུས་ཞིག་ཡིན་པ་དང་། དེས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཆེ་མཐོང་དང་ལས་དོན་ལ་གནོད་སྐྱོན་ཆེན་པོ་བཟོས་ལུགས་བརྗོད་འདུག

འོན་ཀྱང་རྒྱལ་ཚོགས་ཀྱི་ཨ་རིའི་སྐུ་ཚབ་ Sheba Crocker ལགས་ཀྱིས། ར་ཤི་ཡས་ཡུག་ཀེ་རེན་ནང་ཞི་བའི་མི་མང་དམར་གསོད་བཏང་བའི་གནད་དོན་དེས་ར་ཤེ་ཡ་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ ༤༧ ཡོད་པའི་ཁོངས་སུ་ཞུགས་རྒྱུའི་འོས་བབ་མེད་པ་ཁ་གསལ་ཆགས་པ་དང་། ད་རེས་ཀྱི་ཐག་གཅོད་དེའི་ཐོག་ནས་ད་ཆ་ར་ཤེ་ཡའི་དམག་དཔུང་ཡུཀ་རེན་ནས་ཕྱིར་འཐེན་བྱེད་དགོས་པ་ནན་བརྗོད་གནང་འདུག

གཞན་ཡང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་དབྱིན་ཡུལ་གྱི་སྐུ་ཚབ་ Simon Manley ལགས་ཀྱིས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་ཚོགས་ཞུགས་བྱ་རྒྱུ་འདི་ནི་དམིགས་བསལ་གྱི་ཐོབ་ཐང་ཞིག་ཡིན་པ་ལས། རྒྱལ་ཁབ་ཞིག་གི་ལྷན་སྐྱེས་ཀྱི་ཐོབ་ཐང་ཞིག་མིན་པ་གསུངས་ཏེ། ར་ཤེ་ཡ་ཕྱིར་འབུད་བྱས་པ་དེ་ནི་དྲང་བདེན་གྱི་ཐག་གཅོད་ཅིག་ཡིན་པ་གསུངས་འདུག

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་རིམ་ལྟ་ཞིབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ Hillel Neuer ལགས་ཀྱིས་སུད་སིའི་གྲོང་ཁྱེར་ཇེ་ནི་ཝར་ཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆེན་ཐོག ད་རེས་ར་ཤེ་ཡ་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འབུད་བྱས་པའི་རྗེས་འགྲོ་བ་མིའི་ཐོབ་ཐང་ལ་ཚབས་ཆེའི་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་རྒྱ་ནག་དང་། ལི་སྦི་ཡ་ Libya པ་ཀི་སི་ཐན་ Pakistan སོགས་རིམ་པས་ཕྱིར་འབུད་བྱེད་དགོས་པའི་སྐུལ་མ་གནང་ཡོད་པ་རེད།

གསར་འགོད་པ། དོན་གྲུབ།།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎