རྒྱ་ནག་གི་ཅ་དངོས་ཉོ་ཚོང་དང་བེད་སྤྱོད་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ།
2018.04.09
རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་འགོ་ཁྲིད་ཅིག་གིས་རྒྱ་ནག་གི་ཅ་དངོས་ཉོ་ཚོང་དང་བེད་སྤྱོད་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག
དེ་ཡང་(India Today)ཞེས་པའི་རྒྱ་གར་གྱི་དེ་རིང་གསར་ཁང་གིས་སྤྱི་ཚེས་༩་ཉིན་གནས་ཚུལ་སྤེལ་བ་ལྟར་ན། གོང་ཞུས་(RSS) རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་འགོ་ཁྲིད་(Indresh Kumar)མཆོག་གིས་སྤྱི་ཚེས་༨་ཉིན་དཔེ་དེབ་འགྲེམས་སྤེལ་བྱེད་སྒོ་ཞིག་གི་སྟེང་དུ་རྒྱ་ནག་གི་རྒྱ་བསྐྱེད་འཆར་གཞི་ལ་རྒོལ་ཐབས་ཆེད་དུ་རྒྱ་ནག་ལ་དམག་དོན་གྱི་སྟོབས་ཤུགས་ཐོག་ནས་ཕམ་ཉེས་གཏོང་ཐུབ་ཀྱི་མེད་ནའང་། རྒྱ་ནག་གི་ཅ་དངོས་ཉོ་ཚོང་དང་བེད་སྤྱོད་མཚམས་འཇོག་བྱས་ཏེ་དཔལ་འབྱོར་ལ་ཤུགས་རྐྱེན་སྤྲོད་རྒྱུ་དེ་ནི་དགོས་ངེས་ཅན་ཞིག་རེད་ཅེས་བརྗོད་འདུག
སྐུ་ཞབས་ (Inder Kumar)ཨིན་རྡརེཤ་ཀུ་མར་ལགས་ནི་རྒྱ་གར་དང་བོད་ཀྱི་མཛའ་གྲོགས་ཚོགས་པ་གསར་འཛུགས་གནང་མཁན་གྲས་ཤིག་ཡིན་ཞིང་། ཁོང་གིས་ རྒྱལ་ཁབ་གཞན་གྱིས་རྒྱ་ནག་གི་ཅ་དངོས་ཉོ་ཚོང་དང་བེད་སྤྱོད་མཚམས་བཞག་པའི་ལས་འགུལ་སྤེལ་བ་དེས་ལས་སླ་པོའི་སྒོ་ནས་རྒྱ་ནག་སྐད་ཅོར་རྒྱབ་དགོས་བཟོ་ཡི་ཡོད་ཅེས་དང་། ཡང་ཁོང་གིས་རྒྱ་ནག་གིས་རྒྱ་གར་ཟུར་དུ་འབུད་ཆེད་ལོ་མང་རིང་ལ་རྒྱ་གར་ཕྱོགས་མཐའ་ཁག་གི་ཁྱིམ་མཚེས་རྒྱལ་ཁབ་དཔེར་ན་(Bangladesh)སྦང་ལ་དེཤ་དང་། (Myanmar) མིཡན་མར། བལ་ཡུལ། (Sri Lanka) ཤྲི་ལངྐ། དེ་བཞིན་(Pakistan) བཅས་ནང་འཛུགས་སྐྲུན་ལས་འཆར་ཤུགས་ཆེན་གསར་འཛུགས་དང་རྒྱ་སྐྱེད་བྱེད་བཞིན་ཡོད་ཅེས་བརྗོད་པ་དང་སྦྲགས། རྒྱ་ནག་གིས་རྒྱ་གར་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་བར་དང་མཛའ་བརྩེའི་འབྲེལ་ལམ་སྐོར་མུ་མཐུད་དུ་རྒྱུན་འཛིན་བྱེད་ལུགས་བརྗོད་བཞིན་པར་ང་ཚོས་ཡིད་ཆེས་རྒྱུ་མེད། རྒྱ་ནག་གི་མཚོན་རྟགས་ནི་འབྲུག་ཡིན་ཞིང་། འབྲུག་གིས་མེ་ཕྱིར་བཏོན་ནས་གསོད་བྱའི་སེམས་ཅན་ཟ་རྒྱུ་རེད། དཔེར་ན་སྔོན་ཆད་སྤྱི་ལོ་༡༩༥༠་ནང་བོད་དེ་རྒྱ་ནག་གིས་ཟས་པ་ལྟར་རྒྱལ་ཁབ་གཞན་ལའང་དཀའ་ངལ་གཅིག་མཚུངས་འཕྲད་སྲིད་རྒྱུ་ཡིན་སྐོར་གསུངས་འདུག
(RSS)རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པས་ན་ནིང་རྒྱ་གར་གྱི་སྲིད་འཛིན་(Narendra Modi) གཞུང་གིས་རྒྱ་ནག་དང་ས་མཚམས་(Doklam)གྱི་རྩོད་རྙོག་སྐོར་ལངས་ཕྱོགས་མཁྲེགས་པོ་འཛིན་ཕྱོགས་ལ་བསྔགས་བརྗོད་བྱས་ཡོད་པ་རེད།
གསར་འགོད་པ་གུ་རུ་ཆོས་སྐྱིད།