རྒྱ་ནག་གཞུང་གིས་བོད་མིར་གདུག་རྩུབ་ཆེ་རུ་བཏང་བ།
2012.01.23
༄༅༎ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་རྟོག་ཞིབ་ཚོགས་པས་ལོ་རེའི་སྙན་ཐོ་འདོན་སྤེལ་གནང་བའི་ནང་ཕྱི་ལོ་ ༢༠༡༡ ལོ་དེར་རྒྱ་གཞུང་གིས་བོད་མིའི་ཆོས་སྲིད་དང་རིག་གཞུང་གི་རང་དབང་ཐོག་གདུག་རྩུབ་དྲག་གནོན་ཆེ་རུ་བཏང་ནས་བོད་ནང་དངངས་སྐྲག་ཆེ་བའི་གནས་སྟངས་ཤིག་བཟོས་ཡོད་སྐོར་སྙན་ཐོ་དེའི་ནང་བཀོད་ཡོད་པ་རེད་
འགྲོ་བ་མའི་རྟོག་ཞིབ་ཚོགས་པས་ཕྱི་ཚེས་ ༢༢ ཉིན་ཤོག་ལྷེ་ ༦༧༦ ཡོད་པའི་སྙན་ཐོ་བཏོན་གནང་བ་དེའི་ནང་རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ཡོད་སའི་བོད་དང་ཤིང་ཅང་དང་ནང་སོག་ནང་ཆེས་གདུག་རྩུབ་ཆེ་བའི་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་གྱིས་གནས་ཚུལ་འགའ་རེ་མ་གཏོགས་སྤྱི་ཚོགས་བརྟན་ལྷིང་གི་གནད་དོན་ལ་སྙད་དེ་འཆར་གཞི་དང་ལྡན་པའི་ཐོག་དྲག་གནོན་གྱི་སྲིད་བྱུས་ཤིག་ལག་བསྟར་བྱེད་རྐྱང་བྱེད་ཀྱི་ཡོད་སྐོར་སྙན་ཐོ་དེའི་ནང་བཀོད་ཡོད་པ་རེད་ དེའི་བར་ན་རེས་གཟའ་ཟླ་བ་ཉིན་རྒྱ་གར་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ལྟེ་གནས་ཁང་གིས་བོད་ནང་ཕྱི་ལོ་ ༢༠༡༡ ལོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཀྱི་ལོ་རེའི་སྙན་ཐོ་དེ་ཡང་འདོན་སྤེལ་གནང་བའི་ནང་ཡང་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་་ཇི་སྡུག་ཏུ་སོང་ཡོད་སྐོར་བཀོད་གནང་ཡོད་པ་རེད་ སྙན་ཐོ་དེའི་ནང་རྒྱ་གཞུང་གིས་བོད་མིའི་སྲིད་དོན་དང་སྤྱི་དམངས་ཀྱི་རང་དབང་ཐོག་དྲག་རྩུབ་ཆེ་བའི་སྲིད་བྱུས་ལག་བསྟར་དང་བོད་མིའི་ཆོས་དང་ཤེས་རིག་དེ་བཞིན་འཁོར་ཡུག་སོགས་ཀྱི་རང་དབང་ཐོག་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནས་སྟངས་གསལ་བཏོན་གནང་ཡོད་པ་རེད་ བོད་ནང་གི་ཕྱི་ལོ་ ༢༠༡༡ ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་དེ་འདོན་སྤེལ་གནང་སྐབས་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་དང་འགན་འཛིན་ལས་རོགས་འཇམ་དཔལ་སྨོན་ལམ་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཚོགས་གནང་ནས་གསར་འགོད་པའི་འདྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་རེད་