ནང་སོག་དང་རྒྱ་རིགས་དབར་བསྐྱར་དུ་གདོང་ཐུག་བྱུང་བ།
2011.07.24
༄༅༎གཟའ་འཁོར་སྔོན་དེར་བསྐྱར་དུ་ནང་སོག་ནང་སོག་པོ་གྲངས་ཉུང་མི་རིགས་དང་ཁོང་ཚོའི་རྩ་ཐང་བཙན་འཕྲོག་བྱེད་མཁན་ས་གནས་རྒྱ་མིའི་ཚོང་པས་གླས་པའི་རྒྱ་མི་ལས་མིའི་དབར་དྲག་པོའི་གདོང་ཐུག་བྱུང་སྟེ། སོག་པོ་མི་གྲངས་འགའ་ཤས་ཤིག་རྨས་སྐྱོན་ཕོག་ཏེ་སྨན་ཁང་དུ་བསྐྱལ་དགོས་བྱུང་ཡོད་པའི་སྐོར་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་ལྷོ་སོག་པོའི་འགྲོ་བ་མིའི་ཐོབ་ཐང་དྲིལ་བསྒྲགས་བསྟི་གནས་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།
འདི་ལོའི་ཕྱི་ཟླ་ལྔ་པའི་ནང་སོག་པོའི་འབྲོག་པ་མི་ཞིག་གིས་རྒྱ་མིའི་རྡོ་སོལ་གཏེར་ཁ་སྔོག་འདོན་བྱེད་པ་དེ་ཡིས་ས་གནས་ཀྱི་རྩ་ཐང་ལ་གནོད་འཚེ་བཟོས་པ་དང་རྡོ་སོལ་གྱི་དུག་རླངས་ཀྱིས་ཁོར་ཡུག་ལ་གནོད་སྐྱོན་བཟོ་ཡི་འདུག་ཞེས་ངོ་རྒོལ་བྱས་པར་བརྟེན། རྒྱ་མའི་གཏེར་ཁ་སྔོག་འདོན་བྱེད་མཁན་གྱི་མོ་ཊས་བརྫིས་ཏེ་བསད་པའི་རྐྱེན་གྱིས་སོག་པོའི་སློབ་ཕྲུག་གཙོ་བོར་གྱུར་བའི་མི་དམངས་ཀྱིས་ངོ་རྒོལ་གྱི་ཟིང་ཆ་ཆེན་པོ་བསླངས་པ་མ་ཟད། ཁོང་ཚོས་རྒྱ་ལམ་ཐོག་གོམ་བགྲོས་བྱས་ཏེ། ཁོར་ཡུག་སྲུང་སྐྱོབ་དང་གཅེས་སྐྱོང་བྱ་དགོས། ཁོང་ཚོའི་ཐོབ་ཐང་དང༌། ཐོུང་མ་ཡིན་པའི་གོམས་སྲོལ། རྩ་ཐང་སོགས་སྲུང་སྐྱོབ་བྱ་དགོས་ཞེས་ངོ་རྒོལ་གྱི་སྐད་འབོད་བྱས་ཡོད་པ་དེ་ནི་ནང་སོག་ནང་བྱུང་མྱོང་མེད་པའི་ངོ་རྒོལ་ཞི་རྒྱ་ཆེ་ཤོས་བྱུང་ཡོད་པ་རེད། དེ་རིང་གོང་གསལ་ལྷོ་སོག་པོའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་སྤེལ་བའི་གསལ་བསྒྲགས་དེའི་ནང་དུ། ད་རེས་བསྐྱར་དུ་སོག་པོ་མི་རིགས་དང་རྒྱ་མི་རིགས་དབར་དྲག་པོའི་གདོང་ཐུག་གི་དོན་རྐྱེན་དེ་ནི་། ས་གནས་རྒྱ་ནག་གཞུང་གིས་རྒྱ་ཧན་མི་རིགས་ཚོང་པ་ཚོར། སོག་པའི་ས་ཆ་ཆེན་པོ་ཞིག་བཙན་འཕྲོག་བྱས་ཏེ་ཁྲིམས་འགལ་གྱིས་འཛུགས་སྐྲུན་བྱེད་དུ་བཅུག་པ་མ་ཟད། རྒྱ་མིའི་ཚོང་པ་ཚོས་རྒྱ་མི་ལས་ཀ་བྱེད་མཁན་༢༠༠ ལྷག་གླས་ཏེ། ཁོང་ཚོའི་ལས་ཀར་བེད་སྤྱོད་གཏོང་བའི་མོ་ཊ་དང་ས་གཤོང་འཕྲུལ་འཁོར་གྱིས་སོག་པའི་སྒོ་ཕྱུགས་སེམས་ཅན་བཅུ་གྲངས་བསད་པ་དང༌། ས་གནས་སོག་པོ་མི་དམངས་ནས་ཁོང་ཚོའི་ས་ཆ་བཙན་འཕྲོག་བྱས་པར་གདོང་ལེན་བྱེད་མཁན་ཚོར་ཉེས་རྡུང་བཏང་བའི་གནས་ཚུལ་བྱུང་ཡོད་པའི་སྐོར་དང༌། དེ་ཡང་སོག་པ་སྦ་ཏའར་ཞུ་བ་ཞིག་ནི། ཕྱི་ཟླ་བདུན་པའི་ཚེས་༡༨ སྔ་དྲོ་རྒྱ་མི་ལས་ཀ་བྱེད་མཁན་དེ་ཚོས་ཉེས་རྡུང་ཚབས་ཆེ་བཏང་ཡོད་པ་མ་ཟད། ད་དུང་སོག་པོ་བཅུ་གྲངས་ཤིག་སྨན་ཁང་དུ་ལུས་དགོས་པའི་ཉེས་རྡུང་བཏང་ཡོད་པ་དང༌། སོག་པའི་མི་དམངས་ཚོས་ང་ཚོའི་ས་ཆ་རྒྱ་མིས་བཙན་འཕྲོག་བྱེད་ཀྱི་ཡོད་པ་དང༌། རང་འབྱུང་གི་ཐོན་ཁུངས་རྩ་མེད་འགྲོ་ཡི་ཡོད་པ། སྒོ་ཕྱུགས་སེམས་ཅན་འཚོ་ཡུལ་མེད་པ། མང་པོ་ཞིག་ལ་རང་ཉིད་ཀྱི་ས་ཆའི་ཐོག་ཁྱིམ་མེད་པ་གྱུར་བ། མི་རིགས་ཀྱི་ངོ་བོ་རྩ་རླགས་ཏུ་འགྲོ་ཡི་ཡོད་པའི་ཞུ་འབོད་བྱེད་ཀྱི་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད༎