མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐག་གཅོད་ལ་བོད་མི་ཚོས་སྐྱོན་བརྗོད།


2017.07.08
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐག་གཅོད་ལ་བོད་མི་ཚོས་སྐྱོན་བརྗོད་དང་ངོ་རྒོལ། བོད་མདོ་སྨད་མཚོ་སྔོན།
ཨེ་ཨེཕ་པི།

༄༅། །འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག། རིག་གཞུང་ལྷན་ཁང་གིས་བོད་མདོ་སྨད་མཚོ་སྔོན་བོད་རིགས་ཀྱི་ས་ཁུལ་ཞིག་གནའ་བོའི་བཤུལ་རྫས་གཅེས་སྐྱོང་ཁོངས་སུ་འཇུག་རྒྱུའི་ཐག་གཅོད་ལ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་འདི་ནི་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་འདིས་རྒྱ་ནག་གིས་བོད་དབང་བསྒྱུར་བྱེད་བཞིན་པར་ངོས་ལེན་བྱས་པ་མཚོན་པ་ཞིག་ཡིན་པའི་སྐྱོན་བརྗོད་དང་ངོ་རྒོལ་བྱས་ཡོད་པ་རེད།
དཔེར་ན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ནང་ཡོད་པའི་བོད་དོན་ལས་འགུལ་ཁང་གིས་ཁ་སང་ཕྱི་ཟླ་ ༧ ཚེས་ ༧ ཉིན་སྤྱིར་བསྒྲགས་ཤིག་སྤེལ་འདུག་པ་དེའི་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག། རིག་གཞུང་ལྷན་ཁང་གི་ཚོགས་ཆུང་གི་ངོས་ནས་ས་གནས་བོད་མི་སྤྱི་དང་ལྷག་པར་དུ་འབྲོག་པ་ཚོའི་དངོས་ཡོད་གནས་བབས་ལ་བསམ་ཞིབ་བྱས་མེད་པའི་སྐྱོན་བརྗོད་བྱས་འདུག་པར་མ་ཟད།  སྤྱིར་བསྒྲགས་དེའི་ནང་། ས་ཁུལ་དེའི་འབྲོག་པ་ཚོ་ནི་ས་ཆ་བདག་གཅེས་ཐོག། དེར་གནས་པའི་རི་དྭགས་སེམས་ཅན་གསོ་སྐྱོང་བྱེད་མཁན་ལྟ་བུ་ཡང་ཆགས་ཡོད་པ་གསུངས་ཏེ། མཚོ་སྔོན་ཨ་ཆེན་གངས་ཁྱབ་བམ་རྒྱ་སྐད་ནང་ཁ་ཁ་ཤི་ལི་ཞེས་འབོད་པའི་བོད་མིའི་འབྲོག་པའི་ས་ཁུལ་དེ་བཞིན་གནའ་བོའི་བཤུལ་རྫས་གཅེས་སྐྱོང་གྲས་སུ་བཅུག་པ་དེས་རྒྱ་ནག་གཞུང་གིས་ས་གནས་ཀྱི་འབྲོག་པ་ཚོ་ཕྱིར་འབུད་བྱ་རྒྱུར་ཆོག་མཆན་སྤྲད་པ་ལྟ་བུ་ཡིན་པར་མ་ཟད། ས་ཁུལ་དེའི་རང་འབྱུང་ཁོར་ཡུག་དང་འབྲོག་པའི་སྲོལ་རྒྱུན་གྱི་འཚོ་གཉེར་ཐོག་དོ་ཕོག་གཏོང་རྒྱུ་ཡིན་པ་བརྗོད་ཡོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག། ཪིག་གཞུང་ལྷན་ཁང་འདི་ནི་ཕྷརན་སིའི་རྒྱལ་ས་པེ་རིསི་ནང་ཆགས་ཡོད་ཅིང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ལས་ཁུངས་དེར་མི་སྣ་ཆེད་རྫོང་གིས་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་འདིའི་ཐོག་ནས་ས་གནས་འབྲོག་པའི་གནས་བབས་ལ་བསམ་ཞིབ་དགོས་རྒྱུ་སོགས་ཀྱི་གནས་ལུགས་འགྲེལ་བརྗོད་ཞུས་པ་དེས་རྒྱ་ནག་གཞུང་ཕྱོགས་ནས་ས་གནས་དེའི་ནང་རང་སྣང་གང་དྲན་གྱི་ཐོག་ནས་ལས་དོན་སྤེལ་མ་ཐུབ་པ་ཆགས་ཡོད་ལུགས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་དུ་འགྲེལ་བརྗོད་གནང་ཡོད་པ་རེད།
ཡང་བུ་ཆུང་ཚེ་རིང་ལགས་ཀྱིས་མུ་འཐུད། ད་ཆ་རྒྱལ་ཚོགས་ཀྱིས་ཨ་ཆེན་གངས་ཁྱབ་ཀྱི་ས་ཁུལ་འདི་སྲུང་སྐྱོབ་ས་ཁུལ་ཞིག་བཟོ་རྒྱུའི་གསལ་བསྒྲགས་བྱས་ཟིན་སྟབས། མཉམ་འབྲེལ་རྒྱལ་ཚོགས་ལ་བོད་མིའི་གནས་བབས་ལ་དོ་ཕོགས་མི་འབྱུང་བའི་བཟོ་རྒྱུའི་འགན་དཀྲི་ཡོད་པར་མ་ཟད། ལྷག་པར་དུ་ས་གནས་བོད་མི་ཚོས་གལ་ཏེ་གནས་སྟངས་འདིའི་རྐྱེན་གྱིས་རང་ཉིད་ཀྱི་འཚོ་བའི་གནས་བབས་ལ་དོ་ཕོག་ཀྱི་གནས་ཚུལ་འབྱུང་ཚེ་དེ་དག་རྒྱལ་སྤྱིའི་ཐོག་གསལ་བཤད་ཐུབ་ཐབས་ངེས་པར་གནང་དགོས་པའི་འབོད་སྐུལ་ཡང་གནང་ཡོད་པ་རེད།
རྒྱ་ནག་གཞུང་གི་སྐུ་ཚབ་ཚོས་ UNESCO འམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག། རིག་གཞུང་ལྷན་ཁང་གིས་གནའ་བོའི་རིག་གཞུང་གཅེས་སྲུང་བྱ་རྒྱུའི་ཁོངས་སུ་བཅུག་པའི་བོད་ཀྱི་ས་ཁུལ་དེའི་ནང་གི་རང་འབྱུང་ཁོར་ཡུག་ལ་དང་ས་གནས་ཡུལ་མིའི་འཚོ་བའི་གནས་བབས་ལ་དོ་ཕོག་མི་གཏོང་རྒྱུའི་ཁས་ལེན་བྱས་ཡོད་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤེལ་བའི་སྤྱིར་བསྒྲགས་དེའི་ནང་བཀོད་འདུག།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎