ཨ་མི་རི་ཀས་རྒྱུན་དུ་བལ་ཡུལ་ལ་བོད་མི་སྐྱབས་བཅོལ་བ་ཚང་མར་སྐྱབས་བཅོལ་བའི་ལག་འཁྱེར་ཡིག་ཆ་བཟོ་དགོས་པའི་སྐུལ་མ་གནང་བཞིན་པ།
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དོ་དམ་དང་ཐོན་ཁུངས་ཀྱི་དྲུང་ཆེ་གཞོན་པ་ Richard R. Verma ལགས་ཀྱིས་སྣེ་འཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ཟླ་ ༨ ཚེས་ ༡༦ ཉིན་བལ་ཡུལ་དུ་འཚམས་གཟིགས་སུ་ཕེབས་ཐོན་གྱིས། ཕྱི་ཚེས་ ༡༧ ནས་ ༢༢ བར་རྒྱ་གར་དུ་འཚམས་གཟིགས་གནང་བཞིན་ཡོད་པ་རེད།སྐབས་འདི་དང་བསྟུན་ནས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་གནས་སྟངས་སྐོར་གླེང་སློང་གནང་མིན་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བཀའ་འདྲི་ཞུས་བར། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་ཨ་རིའི་དོ་དམ་དང་ཐོན་ཁུངས་ཀྱི་ཕྱི་སྲིད་དྲུང་ཆེ་གཞོན་པ་ Richard Verma ལགས་ཀྱིས་བལ་ཡུལ་ནི་ཡུན་རིང་ནས་སྐྱབས་བཅོལ་བའི་སྤྱི་ཚོགས་ལ་རོགས་རམ་བྱེད་མཁན་དུ་ངོས་འཛིན་གནང་གི་ཡོད་པ་དང་། དེའི་ཐད་ཨ་རིས་རོགས་རམ་བྱ་རྒྱུའི་འདུན་པ་ཡོད་པ་བསྐྱར་ནན་གནང་བ་དང་འབྲེལ། ཨ་མི་རི་ཀས་རྒྱུན་དུ་བལ་ཡུལ་ལ་བོད་མི་སྐྱབས་བཅོལ་བ་ཚང་མར་ཐོ་འགོད་དེབ་སྐྱེལ་བྱ་རྒྱུ་དང་སྐྱབས་བཅོལ་བའི་ལག་འཁྱེར་ཡིག་ཆ་བཟོ་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ལན་འདེབས་གནང་བྱུང་།
ད་ཐེངས་ཨ་རིའི་དོ་དམ་དང་ཐོན་ཁུངས་ཀྱི་ཕྱི་སྲིད་དྲུང་ཆེ་གཞོན་པ་ Richard Verma བལ་ཡུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་། བདེ་འཇགས་སོགས་ཀྱི་ཐད་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་རྒྱུའི་ཆེད་ཡིན་པ་ཕྱི་སྲིད་ལས་ཁུངས་ཀྱི་བསྒྲགས་གཏམ་ཞིག་སྤེལ་འདུག་ལ། བལ་ཡུལ་དུ་ཨ་རིའི་སྐུ་ཚབ་ཚོགས་པས་གཞུང་གི་གནད་ཡོད་མི་སྣ་དང་། དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བའི་ཆེད་ལས་པ། ཚོང་ལས་འགོ་ཁྲིད་སོགས་དང་མཇལ་འཕྲད་གནང་ནས། དཔལ་འབྱོར་འཕེལ་རྒྱས་དང་། བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་རྒྱུ། ནུས་ཤུགས་མཁོ་འདོན། མི་དང་མིའི་དབར་གྱི་འབྲེལ་ལམ་སོགས་གོང་འཕེལ་གཏོང་རྒྱུའི་ཐད་གྲོས་མོལ་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།