གློག་བརྙན་འཁྲབ་སྟོན་པ་རིཇར་གེས་རྒྱ་གཞུང་ལ་སྐྱོན་བརྗོད།
2012.01.12
༄༅༎ཨ་རིའི་གློག་བརྙན་འཁྲབ་སྟོན་པ་Richard Gere མཆོག་གིས་རྒྱ་ནག་ནི།འཛམ་གླིང་ནང་ཟོག་རྫུ་འམ་རྫུན་མ་ཆེ་ཤོས་དེ་རེད་ཅེས་གསུངས་ཏེ་རྒྱ་ནག་གུང་ཏང་གིས་བོད་ལ་དབང་བསྒྱུར་བྱས་པར་སྐྱོན་བརྗོད་ཀྱི་གཏམ་བཤད་གནང་འདུག ཁོང་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་བར་བཅར་ཡོད་པ་དང་སྟབས་བསྟུན་རྒྱ་གར་གྱི་NDTV ཞེས་པ་དབྱིན་སྐད་ཐོག་གནས་ཚུལ་ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་རྒྱང་སྲིང་བརྙན་འཕྲིན་ཁང་གི་བཅར་འདྲི་ཞུས་པར་སྐུ་ཞབས་Richard Gere མཆོག་གིས་ལན་འདེབས་གནང་བ་མ་ཟད། རྒྱ་ནག་གུང་གྲན་ཏང་གིས་བོད་ནང་བཙན་འཛུལ་བྱས་ཏེ་ད་ཆ་བོད་མིར་གདུག་རྩུབ་མནར་གཅོད་བཏང་སྟེ་དྲག་གནོན་བྱས་དང་བྱེད་བཞིན་པ་ཐེར་བཏོན་གནང་འདུག ལྷག་པར་དུ་བོད་མི་རྣམས་ནི། ཆོས་ལྡན་ཞིང་ཁམས་སུ་སྐྱེས་པའི་ལས་འབྲས་སྤང་བཙུགས་ཀྱི་ཆོས་ཀྱི་འཚོ་བ་ཡིན་པས། རྒྱ་ནག་གཞུང་ཏང་གིས་བོད་ནང་བོད་མིའི་ཆོས་དང་རིག་གཞུང་རྩ་གཏོར་གྱི་ལས་དོན་ཇི་ཙམ་སྤེལ་ཀྱང་བོད་མིའི་རྩ་ཆེའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱ་ངེས་པ་ཡིན་པ་དང་། འབྱུང་འགྱུར་གྱི་ལོ་ངོ་བརྒྱ་ཕྲག་གཅིག་གཉིས་མ་ཟད། སྟོང་ཕྲག་གཅིག་རིང་བོད་མིའི་ཆོས་དང་རིག་གཞུང་རྩ་མེད་བཟོ་ཐབས་བྱས་ཀྱང་བཟོ་ཐུབ་དཀའ་བ་ཡིན་ལུགས་འགྲེལ་བརྗོད་གནང་འདུག ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་ནང་ལམ་ཆེན་གསར་བཟོ་དང་།་བརྩེགས་ཁང་པ་མང་པོ་ཡོད་པ་ཇི་ཙམ་གསར་རྒྱག་བྱས་མིན་དང་། དེ་བཞིན་རྒྱ་ཧན་མི་རིགས་ས་ཡ་བདུན་ཙམ་བོད་དུ་གནས་སྤོ་བྱས་ཡོད་མིན་ལ་མ་ལྟོས་པར་། བོད་མིའི་ནང་སེམས་ཀྱི་ཆོས་དང་རིག་གཞུང་ལ་བརྩི་བཀུར་ནམ་ཡང་དོར་ཐབས་མེད་པ་རེད་ཅེས་སྐུ་ཞབས་Richard Gere མཆོག་གིས་གསུངས་གནང་འདུག།