རླུང་འཕྲིན་གསན་རྒྱུར་མུ་མཐུད་དམ་བསྒྲགས།
2013.01.31
༄༅། །བོད་ཤར་ཕྱོགས་སྨ་ལྷོ་ཁུལ་དུ་ས་གནས་རྒྱ་ནག་གཞུང་གིས་བོད་མི་སེར་སྐྱ་མང་ཚོགས་ཁྲོད་རང་ལུས་མེར་སྲེག་སྐོར་གྱི་གནས་ཚུལ་ཁྱབ་སྤེལ་འགོག་ཐབས་ཆེད། རླུང་འཕྲིན་དང་བརྙན་འཕྲིན་གསན་གཟིགས་ཀྱི་ཡོ་ཆས་རིགས་ལ་ དམ་བསྒྲགས་བྱེད་མུས་ཡིན་པ་དང་། ལྷག་པར་དུ་ཚེས་༢༤ཉིན་ས་གནས་རྒྱ་ནག་གཞུང་གིས་རོང་བོ་དགོན་པའི་འཛིན་སྐྱོང་ཚོགས་ཆུང་གི་མིང་ཐོག་ནས་ སྨ་ལྷོ་ཁུལ་དང་། ལྷག་པར་དུ་ཁུལ་དེའི་ནང་ཡོད་པའི་རོང་བོ་དགོན་པ་ནས་ བརྙན་འཕྲིན་དང་རླུང་འཕྲིན་གྱི་ཡོ་ཆས་འཁོར་སྐར་མདེར་མ་ དུས་བཀག་བརྩིས་སྤྲོད་བྱ་དགོས་པ་དང་། དེ་ལྟར་བརྩིས་སྤྲོད་མ་བྱུང་ཚེ་དངུལ་གྱི་ཆད་པ་དང་དེ་མིན་ཆད་པ་གཞན་ཕོགས་རྒྱུ་ཡིན་ལུགས་གཞུང་འབྲེལ་བཀོད་ཁྱབ་བཏང་ཡོད་འདུག བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་གིས་ཉེ་དུས་བོད་ནང་བརྙན་འཕྲིན་དང་རླུང་འཕྲིན་གྱི་ཡོ་ཆས་བཀག་སྡོམ་དང་བཙན་ཕྲོག་བྱེད་པའི་ལས་འགུལ་དེ་བཞིན། བོད་མི་མང་ཚོགས་ཁྲོད་རང་ལུས་མེར་སྲེག་དང་འབྲེལ་བའི་གནས་ཚུལ་གོ་རྟོགས་ཁྱབ་སྤེལ་བཀག་སྡོམ་ཆེད་དུ་ཡིན་པས་མ་ཟད། རྒྱལ་གཅེས་ཆོས་གཅེས་པའི་སློབ་གསོའི་ལས་འགུལ་གྱི་ཆ་ཤས་ཤིག་ཡིན་པ་གསལ་འདོན་གནང་བཞག བོད་ནང་རང་ལུས་མེར་སྲེག་གཏོང་བའི་ལས་འགུལ་ནང་ཉེ་ལམ་རྨ་ལྷོ་ཁུལ་དུ་རང་ལུས་མེར་སྲེག་གི་གནས་ཚུལ་ཇེ་མང་བྱུང་བཞིིན་ཡོད་པ་དང་། ཟླ་བ་སྔོན་མ་ས་གནས་རྒྱ་ནག་གཞུང་གིས། རྨ་ལྷོ་ཁུལ་དུ་ དོན་ཚན་བརྒྱད་ཅེས་པའི་སྒྲིག་གཞི་གསལ་བསྒྲག་བྱས་པའི་བརྒྱུད་ བརྙན་འཕྲིན་དང་རླུང་འཕྲིན་གྱི་ཡོ་ཆས་འཁོར་སྐར་མདེར་མ་ཉོ་ཚོང་དང་བེད་གཅོད་བྱེད་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པ་དང་། དེ་བཞིན་བཙན་ཁྲོག་བྱས་པའི་འཁོར་སྐར་མདེར་མ་བརྒྱ་ཕྲག་མང་པོ་མེར་བསྲེག་བཏང་ཡོད་པ་རེད༎