ཨ་རིའི་སྲིད་འཛིན་ནས་ཉིན་བཅུའི་ནང་ཚུན་དུ་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་གྱི་རེད་ཅེས། སྲིད་སྐྱོང་གིས་གསུངས་འདུག

2024.07.11
ཨ་རིའི་སྲིད་འཛིན་ནས་ཉིན་བཅུའི་ནང་ཚུན་དུ་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་གྱི་རེད་ཅེས། སྲིད་སྐྱོང་གིས་གསུངས་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་དྭགས་བྱང་ཐང་ཉ་མོར་འཚམས་གཟིགས་སྐབས། ༢༠༢༤།༠༧།༡༠
RFA/ Thinley Choedon

ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ཚེས་ ༨ ཉིན། བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེ་བཞིན་སྲིད་འཛིན་འཇཱོ་སྦཡེ་ཌེན་ (Joe Biden) མཆོག་གི་མཚན་རྟགས་ཞུ་ཆེད་ཨ་རིའི་སྲིད་འཛིན་ལས་ཁུངས་སུ་འགོད་འབུལ་ཞུས་ཡོད་པ་ལྟར། ཕྱི་ཟླ་ ༧ པའི་ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་དྭགས་བྱང་ཐང་ཉོ་མར་འཚམས་གཟིགས་དང་འབྲེལ། བཅའ་སྡོད་མི་མང་ལ་གསུང་བཤད་སྐབས། བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེ་བཞིན་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དུ་འབྱོར་ཟིན་པ་དང་། ཉིན་བཅུའི་ནང་ཚུན་དུ་ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་མཆོག་གིས་མཚན་རྟགས་བསྐྱོན་རྒྱུ་ཡིན་པ་གསུངས་འདུག

མ་ཟད་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མུ་མཐུད། བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེར་ལོ་གཉིས་དང་ཟླ་བ་གཉིས་སྐུ་ལས་བསྐྱོན་ཡོད་པ་དང་། གཙོ་ཆེ་ཤོས་བོད་ནང་གི་བོད་མི་རྣམས་དཀའ་སྡུག་མྱོང་བཞིན་པའི་གནད་དོན་ལ་རྒྱལ་སྤྱིའི་ངོས་ནས་དོ་སྣང་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ལས་བརྟེན་ནས་བྱུང་བ་ཞིག་ཡིན་པ་གསུངས་འདུག

གཞི་རྩའི་ཨ་རིའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་ཚོགས་གཙོ་ཟུར་བ་ལྕམ་ནན་སེ་པེ་ལོ་སི་མཆོག་དང་། ཨ་རིའི་གྲོས་ཚོགས་འོག་མིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ (Michael McCaul) མཆོག གྲོས་ཚོགས་འཐུས་མི་ (Jim McGovern) མཆོག གྲོས་ཚོགས་འཐུས་མི་ (Jeff Merkley) མཆོག གྲོས་ཚོགས་འཐུས་མི་ (Todd Young) མཆོག་བཅས་ཀྱིས་སྣེ་ཁྲིད་གནང་སྟེ། བོད་དོན་ཁྲིམས་འཆར་འདི་གྲོས་ཚོགས་འོག་མའི་ནང་ ༢༠༢༣ ཟླ་ ༡ ཚེས་ ༢༦ དང་། གྲོས་ཚོགས་གོང་མར་ ༢༠༢༣ ཟླ་བ་ ༡ ཚེས་ ༣༠ ཉིན་འདོན་སྤེལ་གནང་སྟེ། རིམ་བཞིན་གྲོས་ཚོགས་འོག་མར་ཕྱི་ལོ་ ༢༠༢༤ ཟླ་བ་ ༢ ཚེས་ ༡༣ ཉིན་འོས་བསྡུའི་སྐབས་གྲོས་ཚོགས་འཐུས་མི་ ༣༩༢ ཀྱིས་རྒྱབ་སྐྱོར་གནང་སྟེ་ཚད་མཐོའི་མང་མོས་ཀྱིས་གཏན་འབེབས་གནང་བ་དང་། གྲོས་ཚོགས་གོང་མའི་ནང་ཕྱི་ཟླ་ ༥ ཚེས་ ༢༣ ཉིན་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་ཅིང་། ཁྲིམས་ཡིག་གི་ཁྲིམས་འཆར་གྱི་འབྲུ་དོན་ལ་གྲོས་ཚོགས་གོང་མའི་ནང་བཅོས་བསྒྱུར་ཕྲན་བུ་བཏང་བར་བརྟེན། སླར་ཡང་གྲོས་ཚོགས་འོག་མའི་ནང་ཕྱིར་འཁྱེར་ཏེ་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་འོས་བསྡུ་གནང་སྟེ་སླར་ཡང་ཚད་མཐོའི་མང་མོས་ཀྱིས་གཏན་འབེབས་བྱུང་ཡོད་པ་རེད་ལ། ཉེ་ལམ་གྲོས་ཚོགས་གོང་མའི་ཚོགས་གཙོའམ་ཨ་རིའི་སྲིད་འཛིན་གཞོན་པ་ཀཱ་མ་ལ་ཧེ་རིས་ (Kamala Harris) མཆོག་དང་། གྲོས་ཚོགས་འོག་མའི་ཚོགས་གཙོ་མ་ཡིག་ཇོན་སོན་ (Mike Johnson) མཆོག་གཉིས་ནས་ཀྱང་མཚན་རྟགས་བསྐྱོན་གྲུབ་ནས། ད་ལྟའི་ཆར་འཛམ་གླིང་ས་ཕྱོགས་གང་སར་གནས་བཞུགས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ནས་ཨ་རིའི་སྲིད་འཛིན་མཆོག་གིས་མཚན་རྟགས་བསྐྱོན་རྒྱུར་ངང་སྒུག་གནང་བཞིན་ཡོད་པ་རེད།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།









བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎