བཟོད་གསོལ་དང་འབྲེལ་བའི་གྲོས་ཆོད།
2013.06.05

༄༅། །བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༥ པའི་ཐོག་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཞོན་ནུའི་ཚོགས་བཅར་བ་རྣམས་ལ། ༸གོང་ས་མཆོག་གི་དགོངས་གཞི་དང་གཞོན་ལྷན་གྱི་ལས་དོན་བྱེད་ཕྱོགས་སྐོར་ལ་བཀའ་སློབ་གནང་རྗེས། གཞོན་ལྷན་གྱི་ངོས་ནས་༧གོང་ས་མཆོག་ལ་ལྷ་དགོངས་དྭང་བའི་བཟོད་གསོལ་གྲོས་ཆོད་ཁག་ཅིག་བཞག་ཡོད་པ་རེད། དེའི་ནང་གཙོ་བོ་བཙན་བྱོལ་བོད་གཞུང་གི་མཚན་བྱང་བརྗེ་བསྒྱུར་ཐད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་ཕྱི་ལོ་༢༠༡༡ ཟླ་༦ པའི་ཚེས་༧ ཉིན་སྤེལ་བའི་གསར་འགོད་གསལ་བསྒྲགས་དེ་བཞིན་བཟོད་གསོལ་དང་སྦྲགས་ཚོགས་ཆེན་འདིའི་སྟེང་ནས་ཕྱིར་འཐེན་ཞུ་རྒྱུ་ཡིན།ཞེས་གསུངས་ཡོད་པ་རེད། དེ་ཡང་སྐབས་དེའི་གསར་འགོད་གསལ་བསྒྲགས་ནང་གཞོན་ལྷན་གྱིས་བོད་མིའི་སྒྲིག་འཛུགས་ཞེས་མ་ཡིན་པར་བཙན་བྱོལ་བོད་གཞུང་ཞེས་མུ་མཐུད་བེད་སྤྱོད་བྱ་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད། ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་ཕྱི་ལོ་༢༠༡༣ ཟླ་༣ པའི་ཚེས་༡༠ ཉིན་སྤེལ་བའི་ཡོངས་ཁྱབ་གསུང་འཕྲིན་ནང་། ད་ལྟའི་བཀའ་ཤག་གི་ངོས་ནས་བཙན་བྱོལ་ནང་ལས་དོན་བྱེད་ཕྱོགས་ཐད་གུ་ཡངས་ཀྱི་ཁོར་ཡུག་གསར་པ་ཞིག་སྐྱོང་བཞིན་པ་དེ་ཉིད་མུ་མཐུད་རྒྱུན་འཁྱོངས་མདུན་བསྐྱོད་དགོས་པ་ཞེས་འཁོད་པའི་གནད་དོན་དེ་བཞིན་༸གོང་ས་མཆོག་གི་དབུས་བཀའ་ཤག་གོང་མ་རྣམས་ལ་ཟུར་ཟའི་སྐུལ་སློང་མེད་ཀྱང་། ཐུགས་ཕམ་བྱུང་བར་ཚོགས་ཆེན་འདིའི་སྟེང་ནས་ཕྱིར་འཐེན་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད་པ་རེད།
གྲོས་ཆོད་དེའི་ནང་ད་དུང་། སྔ་ལོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༤༣ པའི་ཐོག་བཞག་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་རང་བཙན་དུ་བསྒྱུར་རྒྱུའི་གྲོས་ཆོད་དེ་བཞིན་ཚོགས་ཆེན་ཉིན་དང་པོར་ཕྱིར་འཐེན་བྱས་ཟིན་པས་མ་ཟད། སླར་ནས་འགྲེམས་སྤེལ་ཡང་ཞུས་ཟིན་པ་ལྟར་འགལ་ཟླ་ཚོགས་པའི་རིགས་ལྟ་བུ་བྱ་རྒྱུ་མིན་ཞེས་སོགས་གསུངས་ཡོད་པ་རེད།།