སྐུ་ཚབ་དོན་གཅོད་ཚེ་རྒྱམ་ལགས་སུ་ཐེ་ཝན་གྱིས་བྱ་དགའ་ཕུལ་བ།
2008.05.15
༄༅༎བཙན་བྱོལ་བོད་གཞུང་གི་ཐེ་ཝན་སྐུ་ཚབ་དོན་གཅོད་ཟུར་པ་ཚེ་རྒྱམ་ལགས་སུ་ཐེ་ཝན་ཕྱི་སྲིད་ལས་ཁུངས་ཀྱིས་ སྦིརི་ལི་ཡེན་ཊེ་ སི་ཊའར་ འམ་ འོད་ཟེར་གྱི་སྐར་རྟགས་ཞེས་པའི་ཕུལ་བྱུང་གི་བྱ་དགའ་གསོལ་སྩལ་གནང་ཡོད་པའི་གནས་ཚུལ་ཐོན་འདུག་༎
ལོ་ངོ་བཅུ་གྲངས་སྔོན་ཐེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ལས་ཁང་གསར་འཛུགས་གནང་པ་ནས་བཟུང་ ཚེ་རྒྱམ་ལགས་ནི་ཐོག་མའི་སྐུ་ཚབ་དོན་གཅོད་ཨ་ཏི་ཤ་ལགས་ཀྱི་ཕྱགས་རོག་ལས་བྱེད་གནང་ཡོད་པ་དང་དེ་ནས་ཨ་ཏི་ཤ་ལགས་བཙན་བྱོལ་བོད་གཞུང་གི་ཨོསོ་ཀྲོ་ལི་ཡའི་སྐུ་ཚབ་དོན་གཅོད་དུ་གནས་སྤོས་གནང་རྗེས་ ཚེ་རྒྱམ་ལགས་ཁོང་བཙན་བྱོལ་བོད་གཞུང་གི་ཐེ་ཝན་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་བྱུང་སྟེ་ ད་ཕན་ཐེ་ཝན་གྱི་རྒྱལ་ས་ཐའེ་པེ་ནང་ལོ་ངོ་བཅུ་གྲངས་རིང་བཙན་བྱོལ་བོད་གཞུང་གི་ལས་དོན་རྐང་བཞེས་གནང་ཡོད་པ་རེད་ ཐེ་ཝན་ཕྱི་སྲིད་ལས་ཁུངས་ཀྱིས་ཚེ་རྒྱམ་ལགས་ནས་ཁོང་བཙན་བྱོལ་བོད་གཞུང་གི་ཐེ་ཝན་སྐུ་ཚབ་དོན་གཅོད་ཀྱི་འགན་འཁུར་བཞེས་རིང་སྐབས་ ཐེ་ཝན་གཞུང་དམངས་གཉིས་དང་བཙན་བྱོལ་བོད་གཞུང་དབར་མཐུན་འབྲེལ་དམ་འཟབ་ཀྱི་ལས་དོན་ལ་བསྔགས་བརྗོད་དང་ངོས་འཛིན་ཞུ་ཆེ་ད་ཁ་ས་རེས་གཟའ་ཕུར་བུའི་ཉིན་འོད་ཟེར་གྱི་སྐར་རྟགས་ཞེས་པའི་བྱ་དགའ་ཕུལ་ཡོད་པ་རེད་ བྱ་དགའ་གསོལ་སྩལ་གྱི་མཛད་སྒོའི་ཐོག ཐེ་ཝན་ཕྱི་སྲིད་ལས་ཁུངས་ཀྱི་གནས་ཡོད་མི་སྣ་༢༠བསྐོར་ཞིག་དང་ བཙན་བྱོལ་བོད་གཞུང་གི་ཐེ་ཝན་སྐུ་ཚབ་དོན་གཅོད་ལས་ཁང་གི་ལས་བྱེད་རྣམ་པ་དང་ དེ་བཞིན་ཐེ་ཝན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བཅས་ཆེད་བཅར་ཞུས་འདུག འོད་ཟེར་གྱི་སྐར་རྟགས་ཞེས་པའི་ཐེ་ཝན་གྱི་བྱ་དགའ་དེ་བཞིན་ཐེ་ཝན་ནང་ཁུལ་ཕུལ་བྱུང་གི་གཞུང་ཞབས་མི་སྣ་དང་དེ་བཞིན་ཕུལ་བྱུང་གི་ཕྱིའི་གཞུང་འབྲེལ་མི་སྣར་འབུལ་སྲོལ་ཡོད་པ་རེད་ ད་ལྟའི་འཆར་ཚེ་རྒྱམ་ལགས་ཁོང་ཐེ་ཝན་ནང་ཞུགས་བཞག་གནང་ཡོད་ཀྱང་ བཙན་བྱོལ་བོད་གཞུང་བཀའ་ཤག་གི་ལས་བྱེད་གནས་པོ་གནང་རྒྱུའི་བཀོད་ཁྱབ་གཞིར་བཟུང་ ཟླ་བ་འདིའི་མཇུག་ཙམ་དུ་ཁོང་བཞུགས་སྒར་རྡ་རམ་ས་ལར་དཔལ་ལྡན་སྐུ་སྒེར་ལས་ཁུངས་ནང་ལས་བཅར་ཞུ་རྒྱུ་དང་ ཡང་ཁོང་གི་ཚབ་ཏུ་ བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་ཟུང་འབྲེལ་དྲུང་ཆེ་ཟླ་བ་ཚེ་རིང་ལགས་ཐེ་ཝན་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་བྱུང་སྟེ་ རྩིས་སྤྲོད་རྩིས་ལེན་ཡང་བཞེས་གྲུབ་ཡོད་པ་རེད་༎