ཉི་ཧོང་གི་གྲོས་ཚོགས་ནང་བོད་ནང་གི་ད་ལྟའི་གནས་སྟངས་སྐོར་ཉན་ཞིབ་གནང་འདུག

2021.08.27
ཉི་ཧོང་གི་གྲོས་ཚོགས་ནང་བོད་ནང་གི་ད་ལྟའི་གནས་སྟངས་སྐོར་ཉན་ཞིབ་གནང་འདུག ཉི་ཧོང་གྲོས་ཚོགས་ནང་བོད་ནང་གི་ད་ལྟའི་གནས་སྟངས་སྐོར་ལ་ཉན་ཞིབ་གནང་སྐབས་ཉི་ཧོང་བོད་ཀྱི་དོན་གཅོད་ནས་བོད་ནང་གི་གནས་སྟངས་སྐོར་གྱི་སྙན་ཐོ་ཞིག་ཕུལ་འདུག
སྒྲིག་བཟོ།

ཕྱི་ཟླ་ ༨ ཚེས་ ༢༦ ཉིན་བོད་དང་། ཡུ་གུར། ལྷོ་སོག་པོ། ཧོང་ཀོང་། རྒྱ་ནག་གི་མང་གཙོ་བཅས་ལ་རྒྱབ་སྐྱོར་གནང་མཁན་ཉི་ཧོང་གྲོས་ཚོགས་ཀྱི་རྒྱབ་སྐྱོར་ཚོགས་པ་ཁག་གིས་གོ་སྒྲིག་འོག་ཉི་ཧོང་གི་གྲོས་ཚོགས་གོང་མའི་ཚོགས་ཁང་ནང་བོད་ནང་གི་གནས་སྟངས་དང་འབྲེལ་བའི་ཉན་ཞིབ་ཀྱི་ཚོགས་འདུ་ཞིག་འཚོགས་ཡོད་ཅིང་། ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་དང་། བོད་ནི་དབང་སྒྱུར་བྱས་པའི་རྒྱལ་ཁབ་ཅིག་ཡིན། ཞེས་འགོ་བརྗོད་འཁོད་པའི་ཤོག་གྲངས་དགུ་ཅན་གྱི་སྙན་ཐོ་ཞིག་ཕུལ་གནང་ཡོད་པ་རེད། ཁོང་གིས་སྐབས་དེར་རྒྱ་ནག་གཞུང་གིས་བོད་ནང་དུ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་སྤེལ་ཏེ་བོད་ཀྱི་བྱིས་པ་རྣམས་ལ་དམག་སྦྱོང་སྤྲད་པ་དང་། ཆོས་ལུགས་ཀྱི་བྱེད་སྒོ་ཁག་གི་ནང་ཞུགས་མི་འཇུག་པ། དེ་བཞིན་བསམ་བློ་བསྒྱུར་བཅོས་ཀྱི་སློབ་གསོ་སྤེལ་བཞིན་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག
འདི་ག་རླུང་འཕྲིན་ཁང་གིས་ཞལ་པར་ཐོག་ཉི་ཧོང་གི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ལ་གནས་ཚུལ་འདི་དང་འབྲེལ་བའི་སྐོར་བཀའ་འདྲི་ཞུས་པས་ཁོང་གིས་ད་ཐེངས་ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་ཉན་ཞིབ་ཀྱི་ཚོགས་འདུ་གནང་བ་ནི་ཉི་ཧོང་མི་མང་དང་། གྲོས་ཚོགས་ནས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གྱི་རྣམ་པ་མཚོན་པ་ཙམ་མ་ཟད་མ་འོངས་པར་ཉི་ཧོང་གཞུང་ཕྱོགས་ནས་བོད་དོན་ཐོག་སྲིད་བྱུས་འཛིན་ཕྱོགས་ཐོག་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པའི་སྐོར་གསུངས་བྱུང་།
ཉི་ཧོང་གི་ཆབ་སྲིད་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་དང་ལས་བྱེད་གྲངས་ ༤༠ ཙམ་ཞིག་ཉན་ཞིབ་ཚོགས་འདུར་མཉམ་ཞུགས་གནང་ཡོད་ཅིང་། ཁོང་རྣམ་པས་བོད་དང་། ཡུ་གུར། ལྷོ་སོག་པ། ཧོང་ཀོང་། རྒྱ་ནག་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྐོར་ལ་དོ་སྣང་ཆེན་པོས་ཉན་ཞིབ་གནང་ཡོད་པ་རེད། སྐབས་དེར་ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མིས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Shimomura Hakubun གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་མཆོག་ཉི་ཧོང་ནང་ཕེབས་ཏེ་ཉི་ཧོང་གི་གྲོས་ཚོགས་ཁང་དུ་བཀའ་སློབ་གསུང་བཤད་གནང་ཡོད་ཅིང་། བོད་དོན་སྤྱི་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཐད་རྒྱབ་སྐྱོར་ཤུགས་ཆེ་གནང་རྒྱུ་ཡིན། ཞེས་ནན་བརྗོད་གནང་ཡོད་པ་རེད།།

གསར་འགོད་པ། ལྷན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎