ཐའེ་ལྦན་གྱི་སྲུང་སྐྱོབ་ཆེད་ཨ་མི་རི་ཀས་རོགས་རམ།
2010.10.06
༄༅༎ཐའེ་ལྦན་གྱི་སྲུང་སྐྱོབ་ལས་དོན་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཆེད་ཨ་རི་གཞུང་གིས་ཐའེ་ལྦན་ལ་F-16རྟགས་ཅན་གྱི་དམག་གི་གནམ་གྲུའི་སྤུས་ཚད་ལེགས་སུ་གཏོང་རྒྱུར་རོགས་རམ་གནང་འཆར་ཡོད་པའི་སྐོར་དེ་རིང་ཐེ་དབན་གྱི་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་འདུག
ཐའེ་ལྦན་དབུས་གསར་འགྱུར་བརྒྱུད་ལམ་གྱིས་ཨ་རིའི་རྒྱལ་ས་ལྦ་ཤིན་ཀྲོན་དུ་རྟེན་གཞི་བྱས་པའི་ཨ་རི་དང་ཐའེ་ལྦན་གྱི་ཚོང་དོན་སྐུ་ཚབ་རུ་པ་ཀྲི་ཧེ་མེན་ཡིས་བཀའ་མོལ་ལུང་དྲེན་བྱས་ནས་གནས་ཚུལ་སྤེལ་ཡོད་པའི་ནང་ ཨ་རི་གཞུང་གིས་མ་འོངས་ལོ་ལྔ་ནས་བཅུའི་བར་ཐའེ་ལྦན་གྱི་སྲུང་སྐྱོབ་ལས་དོན་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཆེད་f16C/Dརྟགས་ཅན་གྱི་དམག་གི་གནམ་གྲུ་མཁོ་སྤྲོད་གནང་རྒྱུ་འམ་ཡང་ན་ དེའི་གོང་ཡོད་པའི་F16A/Bརྟགས་ཅན་གྱི་གནམ་གྲུའི་སྤུས་ཚད་ལེགས་སུ་གཏོང་རྒྱུར་རོགས་རམ་གནང་རྒྱུའི་སྐོར་གསུང་ཡོད་པ་དང་ ཨ་རིས་ཐའེ་ལྦན་ལ་F16C/Dརྟགས་ཅན་གྱི་དམག་གི་གནམ་གྲུ་ཚོང་བསྒྱུར་བྱས་ཚེ་ དེས་རྒྱ་ནག་གིས་ཐའེ་ལྦན་ལ་མཁའ་ཐོག་ནས་གཏོར་རྒོལ་གཏོང་རྒྱུར་འགོག་ཐབས་ཀྱི་ནུས་པ་ཐོན་རྒྱུ་ཡིན་པ་རེད་
དེ་དང་དུས་མཚུངས་ཐའེ་ལྦན་གྱི་རང་དབང་ཚགས་ཤོག་གིས་ཀྱང་མིང་འདོན་གནང་འདོད་མེད་པའི་འབྲེལ་ཡོད་མི་སྣས་གསུང་བའི་སྐད་ཆ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་ཡོད་པའི་ནང་ ཨ་རི་གཞུང་གིས་ཐའེ་ལྦན་གྱི་དམག་གི་གནམ་གྲུའི་སྤུས་ཚད་ལེགས་སུ་གཏོང་རྒྱུའི་ལས་དོན་དེ་བཞིན་དུས་སང་ནས་འགོ་ཚུགས་བྱ་རྒྱུ་ཡིན་ལུགས་འཁོད་ཡོད་པ་རེད་ ཡིན་ནའི་ཐའེ་ལྦན་སྲུང་སྐྱོབ་ལས་ཁང་གིས་གོང་ཞུས་ཐའེ་ལྦན་གྱི་ཚགས་ཤོག་ཐོག་བཏོན་པའི་གནས་ཚུལ་ཐོག་ད་ལྟའི་ཆར་ཡིན་མིན་ལན་འདེབས་གང་ཡང་གནང་མེད་པ་རེད་
ཐའེ་ལྦན་གཞུང་གིས་འདས་པའི་ནང་ཨ་རིས་ཐའེ་ལྦན་ལ་F16C/Dརྟགས་ཅན་གྱི་དམག་གི་གནམ་གྲུ་སྤུས་ཚོང་གནང་རྒྱུའི་དགོས་འདུན་བཏོན་བཞིན་ཡོད་པ་དང་ རྒྱ་ནག་གཞུང་གིས་ཀྱང་ཨ་རིས་ཐའེ་ལྦན་ལ་གོ་མཚོན་དེ་རིགས་ཚོང་བསྒྱུར་བྱ་རྒྱུར་སྐྱོན་བརྗོད་བྱེད་མུས་ཡིན་པ་རེད་