འཛམ་གླིང་ནང་དྲག་རྩུབ་ཆེ་བའི་རྒྱལ་ཁབ་ཀྱི་ཐོ་གཞུང༌།
2010.01.12
༄༅༎འདི་ག་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་ནང་རྟེན་གཞི་གནང་བའི་རང་དབང་ཁང་པ་ཞེས་པའི་རང་དབང་ཚོགས་པས་འཛམ་གླིང་ནང་རང་དབང་མེད་པའི་རྒྱལ་ཁབ་དང༌། མང་ཚོགས་ཐོག་གཞུང་གིས་དྲག་རྩུབ་ཆེན་པོ་བྱེད་མཁན་གྱི་རྒྱལ་ཁབ་ཚོའི་ཐོ་གཞུང་འཁོད་པའི་ཕྱི་ལོ་༢༠༠༩འི་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང༌། རང་དབང་རང་བཙན་མེད་པའི་རྒྱལ་ཁབ་༤༧ནང་ནས་བོད་ཐེ་པའི་རྒྱལ་ཁབ་གཞན་དགུའི་ནང་མང་ཚོགས་ལ་ཆབ་སྲིད་དང་སྤྱི་དམངས་ཀྱི་ཐོབ་ཐང་ཧ་ཅང་སྐྱོ་པོ་ཡོད་པ་གསལ་བཏོན་གནང་འདུག།
རང་དབང་ཁང་པས་འཛམ་གླིང་གི་རྒྱལ་ཁབ་༡༩༤དང་མངའ་ཁུལ་༡༤ནང་མང་ཚོགས་ཀྱི་ཆབ་སྲིད་རང་དབང་དང་སྤྱི་དམངས་ཐོབ་ཐང་གི་གནས་བབ་ཐོག་ཞིབ་འཇུག་གནང་བའི་མཐར། ༢༠༠༩ལོར་དཀྱིལ་ཤར་ཡུལ་གྲུ་དེ་བཞིན་འཛམ་གླིང་ནང་ནས་དབང་གནོན་ཆེ་ཤོས་ཀྱི་མངའ་ཁུལ་ཞིག་ལ་ངོས་འཛིན་གནང་ཡོད་པ་དང༌། གླིང་ཆེན་ཨཕ་རི་ཀའི་ནང་གནས་སྟངས་རིམ་བཞིན་ཇི་སྡུག་ཏུ་ཕྱིན་ཡོད་པ་མཁྱེན་རྟོགས་བྱུང་བཞག།
རང་དབང་ཁང་པའི་འཛིན་སྐྱོང་ངེས་སྟོན་པ་ཇེ་ནི་ཕར་ལྦིན་ཛར་ཡིས་ཉེ་བའི་ཆར་ཨི་རན་ནང་དམངས་གཙོ་དོན་གཉེར་བའི་ཐོག་གཞུང་གིས་དྲག་གནོན་ཤུགས་ཆེ་བྱས་པའི་དཔེ་མཚོན་ཐེར་འདོན་གནང་བ་དང༌། རྒྱ་ནག་ནང་ལའང་དམར་ཤོག་ཚོགས་པའི་དབང་ཆ་མེད་པ་ཆགས་ནས་མང་ཚོགས་ཀྱི་རང་དབང་ཆེ་རུ་འགྲོ་རྒྱུའི་ཐབས་རྩོད་གནང་མཁན་དམངས་གཙོ་དོན་གཉེར་བ་ཚོ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱེད་ཤུགས་ཆེ་རུ་བཏང་ཡོད་པར་ངོས་འཛིན་གནང་བཞག།
རྒྱ་ནག་ནང་མང་ཚོགས་ཐོག་དྲག་གནོན་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་ནའང༌། རྩ་བའི་ཆར་ཨེ་ཤི་ཡ་སྤྱི་ཡོངས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་ཡར་རྒྱས་མངོན་གསལ་དོད་པོ་ཕྱིན་ཡོད་སྐོར་གོང་ཞུས་སྙན་ཐོ་དེའི་ནང་གནས་ཚུལ་བཀོད་གནང་འདུག།