སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སྨན་བཅོས་གནང་བར་གཏོང་དགོས།
2015.06.26

རྒྱལ་སྤྱིའི་མནར་གཅོད་ཉིན་མོར་ས་གནས་གང་སར་སྤྲུལ་སྐུ་བསྟན་འཛིན་བདེ་ལེཊ་སྨན་བཅོས་གནང་བར་གཏོང་དགོས་བའི་ལས་འགུལ་སྤེལ་བ།
དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་མྱོང་མཁན་ཚོར་རྒྱབ་སྐྱོར་གྱི་ཉིན་མོ་དེ་དང་བསྟུན་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་བཙོན་ཁང་ཕྱི་ལོག་ལ་སྨན་བཅོས་གནང་བར་གཏོང་རྒྱུར་རྒྱབ་སྐྱོར་ཡོང་བའི་ལས་འགུལ་སྤེལ་ཏེ་ས་ཡིག་༢༠༠༠བརྒལ་བ་བསྡུ་རུབ་གནང་ཡོད་པ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་གསུང་ན། རྒྱལ་སྤྱིའི་མནར་གཅོད་མྱོང་མཁན་ལ་རྒྱབ་སྐྱོར་གྱི་ཉིན་མོ་འདི་ནི། གནོད་འཚེ་ཕོག་མཁན་དང་། སྡུག་སྦྱོང་མྱོང་མཁན་ལ་དྲན་གསོ་བྱེད་རྒྱུ་ཁོ་ན་ཙམ་མ་ཡིན་པར། གནོད་འཚེ་ཕོག་མཁན་དང་། སྡུག་སྦྱོང་མྱོང་མཁན་དེ་དག་ལ་མི་སྒེར་སོ་སོས་ལག་སྟར་བྱས་ནས་རྒྱབ་སྐྱོར་བྱེད་དགོས་ལ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལོ་༡༣རིང་བཙོན་འཇུག་བྱས་ནས་བཞག་ཡོད་པ་དེ་བཙོན་ཁང་ཕྱི་ལོག་ལ་སྨན་བཅོས་གནང་པར་གཏོང་དགོས་ཀྱི་རེད་ཅེས་གསུང་འདུག ཡང་ Australiaབོད་ཀྱི་མཐུན་ཚོགས་ཀྱི་Paul Bourkeལགས་དང་། རྒྱལ་སྤྱིའི་བོད་ཀྱི་དྲ་བའི་བསྟན་འཛིན་འཇིགས་བྲལ་ལགས་ཀྱིས་ཀྱང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་བཙོན་ཁང་གི་ཕྱིར་སྨན་བཅོས་གནང་བར་གཏོང་དགོས་པའི་ནན་བརྗོད་ཀྱང་གནང་འདུག
དེ་བཞིན་བཞུགས་སྒར་དུ་ཡང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱའི་བཙོན་འོག་ཏུ་ཚུད་དེ་ལོ་༡༣འཁོར་བའི་ཉིན་མོ་དང་བསྟུན་ཏེ་རྡ་རམ་ས་ལ་གཙོས་པའི་ཡུ་རོབ་དང་། ཨ་རི་སོགས་སུ་ཁོང་སྨན་བཅོས་ཆེད་དུ་གང་མགྱོགས་གློད་གྲོལ་གཏོང་དགོས་པའི་ལས་འགུལ་སྤེལ་ཡོད་པ་རེད།
རྒྱ་ནག་གཞུང་གིས་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་ད་ཕན་དུས་ཡུན་ལོ་༡༣བཙོན་འཇུག་བྱས་ཡོད་པ་དང་། རིན་པོ་ཆེ་མཆོག་ནི་སྤྱི་ཚོགས་ཐོག་དད་གུས་ཆེན་པོ་ཡོད་པའི་བླ་མ་ཞིག་ཡིན་པ་མ་ཟད། ཁམས་ལི་ཐང་ཁུལ་དུ་ཡོད་པའི་བོད་མི་དང་རྒྱ་མི་ཚང་མས་བརྩི་བཀུར་ཞུ་བའི་སྐྱེས་ཆེན་དམ་པ་ཞིག་ཡིན་པ་རེད།
གསར་འགོད་པ་ཚེ་བརྟན་རྡོ་རྗེ།
ཨའོསི་ཊརེ་ལི་ཡའི་གྲོས་ཚོགས་ནང་བོད་ཀྱི་ཆབ་སྲིད་བཙོན་པ་བྱ་བྲལ་རིན་པོ་ཆེ་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གློད་དཀྲོལ་ཆེད་ལས་འགུལ་སྤེལ་གནང་བའི་སྐོར་འདི་གའི་གསར་འགོད་པ་ར་ལོ་དོན་ལྡན་གྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།