རྒྱ་ནག་ཏུ་རི་ལི་གདོང་ཐུག་ནང་གི་འདས་པོར་མྱ་ངན།

ཉེ་ཆར་རྒྱ་ནག་གི་མགྱོགས་ཚད་མྱུར་ཤོས་ཀྱི་རི་ལི་གཉིས་གདོང་ཐུག་བྱུང་སྐབས་འདས་གྲོངས་སུ་ཕྱིན་པ་ཚོར་མྱ་ངན་ཞུས་ཡོད་པ་རེད།

2011.07.29

༄༅༎ཁ་སྔོན་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་མགྱོགས་ཚད་མྱུར་ཤོས་ཀྱི་རི་ལི་གཉིས་གདོང་ཐུག་བྱུང་སྟེ་འགྲུལ་པ་འདས་གྲོངས་སུ་ཕྱིན་པ་ཚོའི་ནང་མི་རྣམས་དོན་རྐྱེན་བྱུང་ཡུལ་དུ་འདུ་འཛོམས་བྱུང་སྟེ། རང་ཉིད་ཀྱི་ནང་མི་སྤུན་ཉེ་འདས་གྲོངས་སུ་ཕྱིན་པ་ཚོར་མེ་ཏོག་བསྐྱལ་ཏེ་མྱ་ངན་ཞུས་ཡོད་པ་རེད།

རྒྱ་ནག་གཞུང་གིས་རི་ལི་བརྡབ་སྐྱོན་དེའི་ནངའགྲུལ་པ་མི་གྲངས་༤༠ རྐྱེན་འདས་སུ་ཕྱིན་པ་དང༌། མི་གྲངས་༢༠༠ ཙམ་རྨས་སྐྱོན་ཕོག་པ་ཤོད་ཀྱི་ཡོད་པ་བཞིན། འདས་གྲོངས་སུ་ཕྱིན་པའི་ནང་མི་ཁག་ཅིག་གིས། རྐྱེན་ངན་དེའི་ཐོག་རྒྱ་ནག་གི་རི་ལིའི་བློན་ཆེན་ནས་དུས་ཐོག་ཏུ་མྱུར་སྐྱོབ་ཀྱི་ལས་དོན་ཚགས་ཚུད་བྱུང་མེད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང༌། རྒྱ་ནག་ཕྱོགས་ནས་དོན་རྐྱེན་དེ་ནི་རི་ལིའི་བརྡ་སྟོན་ལ་ནོར་འཁྲུལ་བྱུང་བར་བརྟེན་ནས་བརྡབ་སྐྱོན་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་གི་རི་ལིའི་མྱུར་ཚད་མགྱོགས་ཤོས་གཉིས་པོ་རེས་གཟའ་སྤེན་པའི་དགོང་དྲོ་རྒྱ་ནག་གི་ཤར་ཕྱོགས་ཀྲེ་ཅང་ཞིང་ཆེན་གྱི་ལྦེན་ཀྲུའུ་གྲོང་ཁྱེར་གྱི་ཟམ་པའི་སྟེང་གདོང་ཐུག་བྱུང་བའི་རྗེས། རི་ལི་གཉིས་ཀྱི་ཁང་མིག་བཞི་རེ་ཟམ་པའི་འོག་ཏུ་ལྷུངས་ཡོད་པ་དང༌། དྲ་རྒྱ་བེད་སྤྱོད་གཏོང་མཁན་དང། མཐའ་ན་གཞུང་གི་གསར་བརྒྱུད་ལམ་ཁག་ཅིག་གིས། རྒྱ་ནག་གི་དཔོན་རིགས་ནས་མི་དམངས་ཀྱི་བདེ་འཇགས་ལས་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་ཁོ་ན་བསམ་གྱི་ཡོད་པའི་སྐྱོན་བརྗོད་བྱེད་མཁན་ཡོད་པ་རེད། དེ་རིང་རེས་གཟའ་པ་སངས་ཉིན། རྐྱེན་ངན་དེའི་ནང་འདས་གྲོངས་སུ་ཕྱིན་པའི་ནང་མི་སྤུན་ཉེ་བཅུ་གྲངས་ཤིག་དོན་རྐྱེན་བྱུང་ཡུལ་དེར་མཉམ་འཛོམས་ཀྱིས་མྱ་ངན་གྱི་མེ་ཏོག་དང་སྤོས་སོགས་སྤར་ཏེ་དྲན་གསོ་བྱས་ཡོད་པ་མ་ཟད། ནང་མི་ཁག་ཅིག་གིས་འདས་པོའི་ཕུང་པོ་འཁྱེར་ཡུལ་དུ་འདུ་འཛོམས་ཀྱིས་མྱ་ངན་བྱས་ཡོད་ཅིང༌། མྱ་ངན་དུ་ཡོང་བའི་ནང་མི་ཞིག་གིས། རི་ལིའི་བློན་ཆེན་གྱིས་གོད་ཆག་ཕོག་པའི་ནང་མི་ཚོར་གུན་གསབ་སྤྲོད་ཕྱོགས་ཐོག་ལ་ཡག་པོ་བྱས་མེད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎